ཁམས་པའི་བུ་མོ།

གངས་གཡུ་མཚོ།        2015-06-30

བརྟན་བརླིང་གི་གཤིས་ཀ་དེའི་དྲུང་ནས།
སེམས་པ་དང་གསར་བུ་ཚོ་ངང་གིས་བཏུལ་ཏེ།
སུ་ཞིག་གི་འཇིག་རྟེན་ལ་དྲོལ་ཁོལ་གྱི་རྨི་ལམ་བསྐྲུན་འདོད།
ཁམས་པའི་བུ་མོ།  ངའི་སེམས་ཀྱི་ཐིག་ལེ་མཆོག་མ།
 
གོས་ཚར་གྱི་གོང་བའི་གསེང་ནས།
ཁྱོད་ཀྱི་ཟུར་མིག་གི་མེ་ཏོག་བཞད་དུས།
ངས་ལྷད་མེད་པའི་བྲོ་བ་ཞིག་ཐོལ་གྱིས་མྱངས་བྱུང་།
ཁམས་པའི་བུ་མོ།  ངའི་སེམས་པའི་གསོན་ཤུགས་དྲོན་པོ།
 
དུང་བ་མཚོན་པའི་བསམ་གཞིགས་རེའི་ཀློང་ན།
ཁྱོད་ཀྱི་ཡོད་ཚད་ལ་རྨ་ཆུའི་རྒྱུན་དང་།
གཙང་བོའི་རླབས་ཀྱི་དྭངས་བསིལ་འཛོམས་པས།
ངས་འཇིག་རྟེན་ལྟག་ཏུ་བཞག་ནས་ཁྱེད་ཉིད་བསྙེག་འདོད།
ཁམས་པའི་བུ་མོ།  ངའི་སེམས་པའི་ཟུངས་བཅུད་སྣུམ་པོ།
 
ཡོད་ཚད་རེ་བ་ལྟར་གྲུབ་རྗེས།
ཁྱོད་རང་ངའི་བདེ་སྡུག་གི་དབྱེ་མཚམས་སུ།
ལྷད་མེད་པར་འགྲེང་བའི་ཚེ་སྲོག་ཡིན་ནམ།
ཁམས་པའི་བུ་མོ།  ངའི་སེམས་པའི་གར་སྟེགས་མཐོན་པོ།
  • ལེ་ཚན་སྔོན་མ།:སྙིང་གཏམ་གསེར་གྱི་ཡང་ཞུན།
  • ལེ་ཚན་རྗེས་མ།:དུས་རབས་ཤིག་གི་སློང་མོ་བ། ངས་ནམ་ཡང་ཁྱེད་ཉིད་བཀུར།