མཐོང་བའི་མོད་ལ་ཞི་བའི་ཚོར་བ་སྟེར་བའི་སྐུ། །
གསུང་གི་སྒྲ་ཐོས་བདེ་བའི་ངལ་གསོ་རབ་ཏུ་ཐོབ། །
མཁྱེན་དང་བརྩེ་བའི་བཅུད་ཀྱིས་བྱུར་བུར་གཏམས་པའི་ཐུགས། །
བཤེས་གཉེན་དམ་པའི་སྐུ་གསུང་ཐུགས་ལ་སྙིང་ནས་འདུད། །
འཆད་དུས་གདམས་པའི་མཛོད་བརྡོལ་ཚངས་སྲས་ངག་ལ་འཁྱིལ། །
རྩོད་དུས་སྨྲ་ལྕེའི་དབལ་ཚ་གློག་གི་རྡོ་རྗེ་འབར། །
རྩོམ་དུས་ཕན་པའི་བྱིན་ཆེ་སེམས་ངལ་གསོ་བའི་སྨན། །
མཁས་པའི་བྱ་བ་གསུམ་ལ་མངའ་བརྙེས་ལམ་སྟོན་མཆོག །
ཇི་ལྟར་སྦྲང་ཆར་ཟིལ་མ་འཛིན་མའི་ཁྱོན་ལ་འཇོ། །
རིས་མེད་སྐྱེ་དངོས་ཡོངས་ཀྱི་གསོས་སུ་སྨིན་པ་བཞིན། །
བཤེས་གཉེན་མཆོག་གིས་ཤེས་བྱའི་བདུད་རྩིའི་རྒྱུན་བཟང་པོ། །
གདུལ་བྱའི་བློ་དང་འཚམ་པར་འཁྲུལ་མེད་ལྷུག་པོར་སྩོལ། །
ཇི་ལྟར་བྱམས་ལྡན་ཨ་མས་རང་གི་གཅེས་ཕྲུག་ལ། །
བརྩེ་བ་ཆེན་པོས་ནམ་ཡང་བསྐྱང་རྒྱུ་མི་བརྗེད་བཞིན། །
ལམ་སྟོན་མཆོག་གིས་མི་གཞི་བཟང་པོའི་ས་བོན་དེ། །
སློབ་མའི་རྒྱུད་ལ་འཁྲུངས་ཕྱིར་གདམས་པའི་གཏེར་སྒོ་ཕྱེ། །
ཇི་ལྟར་གངས་ཀྱི་རི་ལ་ཉི་མ་ཤར་བ་བཞིན། །
གདུལ་བྱའི་རིག་ལམ་གསལ་ཕྱིར་ཐབས་ཀྱི་འཁོར་ལོ་བསྐོར། །
བྱ་རྒྱལ་ཁྱུང་གིས་ནམ་འཕང་གཅད་ལ་སྤྲོ་བ་བཞིན། །
སློབ་མའི་ཕུགས་བསམ་གཤོག་ཟུང་རྒྱོང་ལ་ཚད་མེད་དགྱེས། །
མི་རབས་རྗེས་མ་ཤེས་བྱ་ཡོན་ཏན་གྱིས་དབུལ་ན། །
ཡ་རབས་བྱ་བའི་མིང་ཡང་མི་གྲགས་རྗེས་ལུས་རྒྱུ། །
མངོན་པར་ཤེས་ནས་གངས་ལྗོངས་རྒན་གཞོན་དར་གསུམ་ལ། །
བསླབ་བྱ་རིན་ཆེན་ཕྲེང་བའི་དོ་ཤལ་མགུལ་དུ་བསྒྲོན། །
རྟ་བདུན་དབང་པོ་འགྱུར་བ་མེད་པར་མཁའ་ནས་ཤར། །
རིས་མེད་སེམས་ཅན་སེམས་མེད་ཡོངས་ལ་ཕན་པ་ལྟར། །
སློབ་དཔོན་དམ་པའི་བརྩེ་ཆེན་ཞེན་པ་དཀར་པོའི་མདངས། །
ཇི་སྲིད་བསྐལ་འདི་མ་འཇིག་བར་འཕྲོ་ཨེ་མ་ཧོ། །