བླ་མ་མེད་པའི་གོང་རོལ་ན། །
སངས་རྒྱས་ཞེས་པའི་མཚན་ཡང་མེད། །
བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །
བླ་མ་ཉིད་ལ་བརྟེན་ནས་བྱུང་། །
དགེ་རྒན་མེད་པའི་སྔ་རོལ་ན། །
ལས་བྱེད་ཅེས་པའི་མིང་ཡང་མེད། །
ད་ཆའི་ལས་བྱེད་དེ་དག་ཀྱང་། །
དགེ་རྒན་དག་ལ་བསྟེན་ནས་བྱུང་། །
དགེ་བའི་བཤེས་གཉེན།
མིའི་རིགས་འོད་སྣང་གི་ལམ་བུར་ཐོག་མ་འཁྲིད་མཁན།
མིའི་རིགས་ལ་ཤེས་རིག་གི་བདུད་རྩི་ཐོག་མ་སྟེར་མཁན།
མིའི་རིགས་ཀྱི་སྐོམ་པའི་གདུང་བ་སེལ་མཁན།
མིའི་རིགས་ཀྱི་ཆེས་ཐོག་མའི་ཕ་མ་བཟང་པོ།
བཤེས་གཉེན་ལགས།
མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད།
སྤྱི་ཚོགས་ཀྱི་འགྱུར་ལྡོག་འདྲ་མིན་སྣ་ཚོགས་འོག
ཆ་མི་ཚང་བའི་མི་བུ་ཡི་ཀུན་སྤྱོད་ཀྱི་འཕེལ་རིམ་ཁྲོད།
མིའི་རིགས་ཀྱི་ལས་དབང་ལ་འགྱུར་བ་གང་མང་འགྲོ་བའི་དུས།
རྒྱལ་ཁབ་ཀྱི་སྔོན་ཐོན་མི་སྣ་གསོ་སྐྱོང་གནང་བའི་དུས།
ཕ་མ་ཡོད་ཚད་ཀྱི་ཕྲུ་གུའི་རེ་བ་ཁྱེད་ལ་བཅོལ་བའི་དུས།
ཀུན་གྱི་རེ་བ་ཡོད་ཚད་ཁྱེད་ལ་བཅོལ་བའི་དུས།
ངའི་བསམ་པར་ཁྱེད་ནི་མི་དཀྱུས་མ་ཞིག་ཏུ་མ་མངོན།
ཡོད་ཚད་ཁྱེད་གཅིག་པུས་དང་ལེན་བྱེད་དགོས་དུས།
ངོ་མ་ཁུར་པོ་ལྕི་མོ་ཞིག་མིན་པ་ག་ལ་སྲིད།
སློབ་མ་མང་པོ་ཞིག་ལ་འགན་ཁུར་དགོས་དུས།
ཁྱེད་ངོ་མ་དཀའ་ལས་མི་ཁག་པ་ཅི་ལ་སྲིད།
རྒྱུ་མཚན་ནི།
ཁྱེད་མི་ཕལ་པའི་ཁྲོད་ཀྱི་ཕལ་པ་ཞིག་ཡིན་པའི་ཕྱིར།
ཁྱེད་སྐུ་ལས་ཁག་སྲིད།
ཁྱེད་སེམས་པ་སྐྱོ་སྲིད།
ཁྱེད་ལ་ཡང་བར་ཆད་འཕྲད་སྲིད།
འོན་ཀྱང་།
ཁྱེད་ཀྱི་ཕྱག་ལས་ནི།
མི་ཕལ་པ་ཞིག་གི་ལས་ཀ་ག་ན་ཡིན།
སློབ་མ་ཡོད་ཚད་ལ་སེམས་ཁུར་དང་།
ཡོད་ཚད་ལ་འགན་འཁུར་དགོས་དུས།
ཁྱེད་དཀའ་ལས་མི་ཁག་པ་ག་ལ་སྲིད།
རྒྱུ་མཚན་ནི་ཁྱེད་ཀྱང་མི་ཕལ་པ་ཞིག་ཡིན་པའི་ཕྱིར།
འོན་ཀྱང་།
ཁྱེད་ཀྱིས་མིག་ཆུ་གཏོང་མི་སྲིད་ལ།
སྨྲེ་ངག་མི་འདོན།
སྙིང་སྟོབས་དང་སེམས་ཤུགས་དེ་བས་ཀྱང་མི་ཉམས།
རྒྱུ་མཚན་ནི་ཁྱེད་ཀྱི་ཁུར་པོ་ཧ་ཅང་ལྕི་བས་སོ། །
ཁྱེད་ཀྱིས་མིའི་རིགས་ཀྱི་མ་འོངས་པ་འཆར་དགོད་བྱ་རྒྱུའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པས་སོ། །
བཤེས་གཉེན་ལགས།
ཁྱེད་ནི་མིའི་རིགས་ཀྱི་བསམ་བློའི་འཆར་འགོད་པ་དང་།
ཁྱེད་ནི་མིའི་རིགས་ཀྱི་ལམ་སྟོན་སྒྲོན་མེ།
ཁྱེད་ནི་མིའི་རིགས་ཀྱི་ལོ་རྒྱུས་འབྲི་བ་པོ།
ཁྱེད་ནི་མིའི་རིགས་ཀྱི་རླབས་ཆེ་བའི་ཕ་མ་དང་པོ་ཡིན།
ཁྱེད་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
བཤེས་གཉེན་ལགས།
ཁྱེད་ཉེད་སྐུ་ལས་ཁག་སོང་།
རླབས་ཆེ་བའི་ཁྱེད་ཀྱི་ཕྱག་ལས་འདིར།
གུས་པའི་དད་མོས་དང་ཡིད་ཆེས་ཡོད་ལ།
རེ་བ་དང་སེམས་ཤུགས་སྟེར་སྲིད།
འཛམ་གླིང་མུན་སེལ་སྒྲོན་མེ།
ས་སྟེང་འདི་ན་ཡོད་པས།
ཀུན་གྱིས་མཐོང་ཆེན་བྱས་ཏེ།
གཙུག་གི་རྩེ་མོར་བཀུར་རོགས།