རང་ཕུགས་ལྕག་བྲབས་ཀྱི་གླུ།

ཉག་བླ་མ་བསོད་ནམས་ཕུན་ཚོགས།        2015-08-12

ཀུན་ཁྱབ་སྤྲོས་བྲལ་ཡེ་སྟོང་ཆོས་སྐུའི་མཁར།།ལྷུན་གྲུབ་སྣང་བའི་ཆར་བསྟན་ལོངས་སྤྱོད་རྫོགས།།ཐུགས་རྗེ་འགག་མེད་སྤྲུལ་པས་འགྲོ་འདི་ཀུན།།རྫོགས་བྱང་སར་བཀོད་མགོན་བྱེད་སྤྱི་བོར་མཆོད།།ཨེ་མ་ལན་གཅིག་གསོན་དང་།།ཤེལ་བྲག་གོང་མའི་ལ་ཡུག།ཤེས་བྲག་པདྨའི་རི་ལ།།སྒྲུབ་པ་མཛད་མོས་བྱུང་ན།།སྒྲིབ་སྦྱོང་མང་པོ་མི་དགོས།།ལྷ་བྱ་གོང་མོ་ཉོན་དང་།།ལོ་གསུམ་སྒྲུབ་པ་མཛད་ན།།གྲུབ་རྟགས་ལྟད་མོ་ལྟ་ཤོག།རང་ཤི་མི་བརྗེད་དྲན་དང་།།རང་ཆོས་མང་པོ་མི་དགོས།།ང་འཇིགས་སྡིག་པ་དྲན་དང་།།ང་མཁས་མང་པོ་མི་དགོས།།དཔེ་མེད་ཞིང་ཁམས་དྲན་དང་།།དཔེ་ཆ་མང་པོ་མི་དགོས།།རང་ཤི་སྤུ་ཙམ་དྲན་དང་།།ང་འཇིགས་སྡིག་པ་མི་ཤེས།།དགེ་བ་ཡང་དག་མི་འདུག།དཔེ་མེད་ཞིང་ཁམས་མི་ཤེས།།སངས་རྒྱས་ཐོབ་པ་མི་འདུག།བརྒྱ་སྟོང་ཁྲི་བསགས་མི་ཁ།།གཅིག་ཤི་སྤྲང་པོ་དགའ་ཤོག།བརྒྱ་སྟོང་ཁྲི་འདུས་མི་ཁ།།གཅིག་ཤི་རི་ལ་དགའ་ཤོག།བརྒྱ་སྟོང་ཁྲི་སྦྱོང་མི་ཁ།།གཅིག་ཤི་སེམས་སྦྱོང་དགའ་ཤོག།རང་ལུས་སོས་ཁའི་མེ་ཏོག།ས་ཁ་བུད་ཙམ་ཡེ་འགྲོ།ལོངས་སྤྱོད་དུད་འགྲོའི་ཟས་བསགས།།ཁུར་ཁོམ་ཡོད་ཙམ་ཡལ་འགྲོ།།དུད་འགྲོའི་བྲན་འཁོར་ལོངས་སྤྱོད།།ཤ་ཁྲག་དམར་ནག་སྲོག་ལེན།།དཔོན་ཚང་རྐུ་ཇག་ལོངས་སྤྱོད།།ལྕགས་ཁང་དམར་ནག་འབར་ལེན།།མི་ཆོས་བླ་བཙོང་ལོངས་སྤྱོད།།ཁྲོ་ཆུ་དམར་ནག་ཁོས་ལེན།།འདི་ཕྱི་རྒྱ་བྲེ་ཚོང་དཔོན།།མི་ལུས་ལན་གཅིག་ཐོབ་དུས།།རང་ཁེ་གཞན་ཕམ་གྱིས་དང་།།བར་པ་གཤིན་རྗེ་ཆོས་རྒྱལ།།དེ་ཙམ་མི་བདེན་དྲན་ན།།དཔུང་པོ་རྒྱལ་བ་གོང་མ།།འཁོར་འདས་བདེ་སྡུག་རྩ་བ།།བདམ་པ་བཟང་ངན་བཀའ་གསུངས།།བསྐལ་སྟོང་ཁྲི་འབུམ་དགེ་བ།།ཁོང་ཁྲོང་གཅིག་གིས་འཇོམ་གསུངས།།དགེ་སྡིག་རང་དབང་ཡོད་དུས།།བསམ་བཟང་མི་བརྗེད་ལ་ཡུག།ཤི་ཆོས་ཐབས་མཆོག་རྒྱལ་པོ།།གོང་མའི་བཀའ་གསུངས་ལུང་བསྟན།།འདུག་ཆོས་ཨ་ལུའི་རྩེ་མོ།།རང་མགོ་རང་གཡོག་ཡིན་གསུངས།།དཔའ་བོ་སྟོང་གིས་མཚོན་ཆ།།ཤི་ཆོས་མི་བརྗེད་ལ་ཡུག།གྲོགས་མེད་གཅིག་ཤི་དྲན་དང་།།གྲོགས་བཟང་དགེ་བ་སྒྲུབ་འདུག།འཁོར་ནག་བཙོན་རར་དྲན་དང་།།འཁོར་མེད་རི་ལ་བཟུང་འདུག།འཁྲུལ་སྣང་སྡུག་བསྔལ་དྲན་དང་།།འཁྲུལ་མེད་ཡེ་ཤེས་ཤར་འདུག།གྲོགས་བཟང་རྫ་བྱ་གོང་མོ།།གོང་མའི་གདན་སའི་རྩེ་མོ།།གྲོགས་བཟང་རང་བྱུང་རིག་པ།།ཆོས་སྐུའི་རྒྱལ་ས་རྩེ་མོ།།གྲོགས་བཟང་ཉམས་ལེན་འབྲལ་མེད།།ཚེ་གཅིག་བཀའ་དགེ་བོན་ཆོས།།དགྲ་གཉེན་ཕྱོགས་རིས་མི་འདུག།དུས་གསུམ་སངས་རྒྱས་ངོ་བོ།།ཆེ་ཆུང་བཟང་ངན་མི་འདུག།ཧོར་བསྟོད་རྫ་རི་ཁྲ་ཡག།རིན་ཆེན་ནོར་བུ་ཕྱུག་མོ།།ཉག་གླིང་མི་རྒོད་སེམས་མཁྲེགས།།རང་སྐྱོན་ལ་ཡུག་བཅུ་གསུམ།།ཧོར་ཡུལ་བདེ་སྐྱིད་འཛོམ་ཞིང་།།བཀྲ་ཤིས་ལ་ཡུག་ལེན་ཤོག།  
  • ལེ་ཚན་སྔོན་མ།:ཁམས་ནས་བུ་རྒོད་ཅིག་འཁྲུངས་ཚུལ།
  • ལེ་ཚན་རྗེས་མ།:ཁམས་མི་ཉག་གི་བྲོ་ཚིག