ཁམས་ནས་བུ་རྒོད་ཅིག་འཁྲུངས་ཚུལ།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།        2015-08-04

         ཁམས་ནས་བུ་རྒོད་ཅིག་འཁྲུངས་ཚུལ།

                    _སྡེ་རོང་ཚེ་རིང་དོན་གྲུབ་མཆོག་ལ་ཕུལ།

 

ཆུ་བཞི་སྒང་དྲུག་ས་ཡི་ཁམས་ཀྱི་དམར་རྫ་སྒང་གི་ཆར་གཏོགས་ཀྱི། །             
ༀ་བརྒྱ་གནས་རི་མཁའ་ལ་འགྱིང་བའི་སྡེ་ཆེན་རོང་གི་ཡུལ་ཁམས་སུ། །              
ཨ་མའི་བུ་ལ་རིགས་ཀྱི་བུ་ཡི་ལས་ཐོབ་བླངས་བའི་མི་བུ་ཞིག །               
ཤར་གྱི་མཐའ་ནས་ཟླ་བའི་འོད་བཞིན་རིགས་ཞེན་མཁའ་ལ་བཀྲ་ནས་ཕེབས། །

དྲིན་ཆེན་མ་ལོའི་གནའ་གཏམ་ཁྲོད་ནས་བྱིས་པའི་ལང་ཚོར་རིག་པས་རྒྱས། །         
སློབ་གྲྭ་རིག་པའི་སྒོ་ཐེམ་བརྒལ་ནས་རྒྱ་བོད་རིག་པའི་རྨང་གཞི་བཞག །       
མེས་པོའི་ཤུལ་ལམ་རྡོག་པས་མནན་ཏེ་ལོ་རྒྱུས་རིག་པའི་གསང་བ་འཚོལ། །         
གངས་རིའི་ཡུལ་ན་དུངས་བའི་སེམས་ཤུགས་བཅོས་མིན་སྙིང་ནས་སྟོབས་ཤིག་འཁྲུངས།།

ཐུགས་ཀྱི་འདུན་མས་རྗེས་ལུས་མུན་པ་ཡོངས་སུ་སངས་བའི་ཐབས་ལ་དགོངས། །      
རིགས་ཞེན་གསུང་གི་བདེན་དོན་ཁུར་བའི༼བདག་གི་རེ་སྨོན༽དབྱར་སྐྱེས་རྔ། །        
ཤར་གྱི་དར་རྩེ་མདོ་ནས་ལྡིར་བས་ས་ཆེན་འཛིན་མའི་པང་བ་རུ། །               
སྡེ་རོང་ཚེ་རིང་དོན་གྲུབ་ཞེས་བྱའི་ཁམས་ཀྱི་ཕོ་རྒོད་གླིང་བཞིར་གྲགས། །

ལོ་རྒྱུས་རིག་པའི་བདེན་དོན་འཚོལ་ཕྱིར་རྒྱ་བོད་ཡིག་ཚང་མང་དུ་བཀླགས། །         
ཤེས་བྱའི་ཐོས་པ་མང་དུ་འཚོལ་སླད་ཕྱོགས་མེད་རྒྱལ་ཁམས་རིག་པས་འགྲིམ། །        
མེས་པོའི་གསེར་གནག་གསེར་དུ་ཤེས་ཕྱིར་བདེན་དོན་ཞལ་ལྕེ་ལྷོད་ཀྱིས་གྲོལ། །    
༼བཀྲ་ཤིས་གཏེར་བུམ༽མི་ཡུལ་འཁྲུངས་བས་མི་སེམས་འཁྲུགས་པའི་གཏམ་རྒྱུད་མང་། །

རང་སྐད་རང་ཡིག་མིག་ལྟར་གཅེས་ཞེས་ཕྱི་རབས་བུ་ལ་སེམས་ཀྱིས་གདམས། །       
རིགས་ཞེན་དུངས་བ་སེམས་ནས་དགོས་ཞེས་ཁ་བའི་བུ་ལ་ལན་མང་སྨྲས། །         
བདེན་དོན་སྨྲས་པའི་སྙིང་དེ་ཡོད་ལ་སྙིང་གི་རུས་པ་དེ་བས་མཁྲེགས། །           
དུས་རབས་ཤིག་གི་དཀྱོག་མཚམས་འདི་ན་རིགས་ཀྱི་བུ་ཁྱེད་ང་ཚོའི་མིག །

སྐུ་གཟུགས་མཐོ་བ་མདོ་སྟོད་མི་རེད་དེ་ལས་ལྷག་གི་སྙིང་ཞིག་ཡོད། །           
གསུང་སྐད་སྦོམ་པ་ངག་གི་གཤིས་རེད་དེ་ལ་གསེར་གནག་རིལ་བུ་ཡོད། །          
ཐུགས་རྒྱུད་ལྷོད་ལ་གཤིས་ཀ་འཇམ་པ་དེ་ནི་མཁས་པའི་གཤིས་ཤིག་རེད། །         
རིགས་ཞེན་བདེན་དོན་ཁྲག་རྩར་རྒྱུག་ཡོད་སྡེ་རོང་བུ་རྒོད་ཁམས་ཀྱི་བུ། །

གཅན་གཟན་ལྤགས་པ་རྒྱན་དུ་མི་རུང་དེ་ནི་བླུན་པོའི་རང་རྟགས་ཡིན། །           
ཤོ་རྒྱག་རྒྱལ་སྐུགས་འཚོ་ཐབས་མ་རེད་དེ་ལ་རིང་དུ་བྲལ་དགོས་ཞེས། །           
གངས་རིའི་སྤུན་གྱི་མ་འོངས་འཚོ་ཐབས་རིན་བྲལ་གསུང་གི་ལེགས་བཤད་རེ། །        
ཁྱེད་ཀྱི་གསེར་སྨྱུག་ཁ་ནས་ལུད་པས་དེ་ཡི་རིན་ཐང་སུ་ཡིས་གཞལ། །

དར་རྩེ་མདོ་ཡི་ཁམས་པའི་དཔེ་ཁང་ཁྱེད་ཀྱི་ཐུགས་རྗེའི་གཟི་འོད་རེད། །           
ཀུན་གྱིས་མཐོང་བའི་ཁམས་པ་བརྙན་འཕྲིན་ཁྱེད་ཀྱིས་བརྩོན་པའི་འབྲས་བུ་རེད། །      
རིན་བྲལ་ཞབས་རྗེས་ཁ་བའི་ཡུལ་དུ་གཅིག་མིན་གཉིས་མིན་དཔར་ཡོད་པས། །        
དར་མདོ་ལུང་པར་ས་ཁམས་དོག་པས་ཁྱེད་ཉིད་སྐུ་ངལ་ཆེ་ལགས་སམ། །

མི་རབས་གསར་པ་གཉིད་ལས་བསླངས་བའི་ཀི་རིང་ཐོག་མ་ཁྱེད་ཀྱིས་བཏབ། །       
གཞོན་རབས་རེ་རེའི་བསམ་བློའི་རལ་གྲིར་ངར་ཆུ་ཐོག་མ་ཁྱེད་ཀྱིས་བླུད། །          
དུས་རབས་དེ་ལ་ཁྱེད་འདྲ་བྱུང་བ་དབུ་ནག་བོད་ཀྱི་བསོད་ནམས་རེད། །           
རིགས་ཀྱི་སྣེ་ཁྲིད་བསམ་བློའི་མགོ་ཁུངས་སློབ་དཔོན་ཁྱེད་རང་གནམ་གྱིས་སྲུངས། །

ཁྱེད་ཀྱི་ཞལ་གསུངས་ཉན་གིན་ཉན་གིན་སེམས་ནས་ཨམ་གཙིགས་བསྡམ་དགོས་ཀི །     
ཁྱེད་ཀྱི་གསུངས་རྩོམ་ཀློག་གིན་ཀློག་གིན་སྙིང་ལ་རུས་པ་རྒྱས་ཡོང་ཀི། །           
ཁྱེད་ཀྱི་ཐུགས་དགོངས་ཇི་བཞིན་རྟོགས་ན་སྔོན་མེད་སྙིང་སྟོབས་འཕར་ཡོང་ཀི །       
བཙན་པོའི་རུས་རྐང་རུས་པར་འདྲེས་པའི་རིགས་ཀྱི་སློབ་དཔོན་ཁྱེད་རང་རྒྱལ། ། 

  • ལེ་ཚན་སྔོན་མ།:དགོད་ཤེས་ན་ཨ་ཕར་འཛུམ་ཞིག་སྟོན་དང་།
  • ལེ་ཚན་རྗེས་མ།:རང་ཕུགས་ལྕག་བྲབས་ཀྱི་གླུ།