དུས་ཚོད་ཀྱི་ཐག་སྣེ་ན་བར་མེད་དུ་རྒྱུ་བའི་གོམ་སྒྲ་གཉོམ་པོ་དེས
རྨི་ལམ་གྱི་རོལ་དབྱངས་ཟ་ཟི་དེ་སྙན་པར་དཀྲོལ་སོང
འདབ་མ་རྒྱང་ལ་བརྐྱངས་པའི་ཡིད་ཀྱི་སྐྱེད་ཚལ་ལ་དྲིའི་ཡོ་ལང་རྒྱས་ཚེ
ལོ་ཟླའི་ཞིམ་མངར་ལ་སྣ་ཡི་དབང་བོས་རྩེ་གཅིག་གིས་བསྣམས་ཏེ
དགའ་སྐྱོ་གང་གི་གླུ་ཆུང་ཞིག་ལེན་སྟངས་ཀྱི་འདོད་པ་དྲག་ཏུ་འཕར
ཟླ་བའི་དགུ་ཚིགས་ཀྱི་ལམ་སྣེ་རུ
ང་ནི་ནམ་ཡང་བསྟར་ལ་བརྒྱུས་པའི་མིག་ཆུའི་ཐིགས་པ་རེ་རེ་སྟེ
བར་ཐག་སྐྱོ་བོ་ཞིག་གླུ་རུ་བྲིས་ཤིང་གང་སར་སྤུར་མཁན་ཁོ་ནའོ
ཡིན་ནའང་སེམས་ཀྱི་དགུན་ཁ་འདི་མ་ཕེབས་རོགས
འཁྱག་སོབ་སོབ་ཀྱི་གཞས་ཆུང་ཞིག་ངས་སུ་ལའང་ལེན་མི་འདོད
རི་རབ་ཀྱི་བོངས་ཀྱིས་མཚོ་མོའི་ལྟེང་ཀ་བསྒགས་རྗེས
རང་ཉིད་ཡོད་ཚད་ཚོན་མདངས་མེད་པའི་ཤོག་གྲུ་རུ་བཟོས་ནས
དེ་རིང་ད་དུང་བཟོད་དཀའ་བའི་ཨམ་གཙིགས་བསྡམས་པ
ཅི་ཞིག་གི་དྲན་ཚུལ་ཡིན་པ་ཁྱོད་ལ་བསྐུར་ངེས
མཚན་མོ་དག་ཏུ་སེམས་པ་གཉིས་ཀྱི་ཟིན་ཐོ་ཐར་ཐོར་དེ
རླུང་བུའི་ཤུར་སྒྲ་ཁྲོད་ན་སྐད་གདངས་མཐོན་པོས་གྱེར་ཀྱིན་ཡོད
གལ་ཏེ་གྲིབ་རིས་ནག་པོ་ཞིག་འཕྲལ་དུ་རྒྱུ་བ་མཐོང་ཐེངས་སུ
བུ་ཆུང་ལགས དགོད་ཤེས་ན་ཨ་ཕར་འཛུམ་ཞིག་སྟོན་དང
ཞོགས་པ་ནི་ཡོལ་ཆེན་བརྒྱབ་ཟིན་པའི་ཡིད་ཀྱི་ཁང་ཁྱིམ་སྟོང་བ་ཞིག