ཡིད་སྨོན་དང་ཞེ་སྡུག

གཡུ་ཆུང་ཡེ་རྡོར།        2021-04-25

སྔར་བཞིན། གན་རྐྱལ་དུ་

ཉལ་ཡོད།

ནང་སེམས་ངལ་དུབ་དང་

འུར་ཟིང་གིས་བསྣད།

ནར་སོན་གྱི་ལོ་ཟླར་གཤིབ་པའི་

མི་དག།

ཕྱིར་འདང་གི་ཉི་འོད་ནང་དུ་

རྒས་གྱིན་འདུག།

ཡང་ན་འགྱུར་གྱིན་འདུག།

བསམ་གཞིག་གི་ནམ་སྨད་དུ། ཡིད་སྨོན་དང་ཞེ་སྡུག་ཐོལ་

གྱིས་བསྙིལ།

མི་ཚེ་ནི་མཚན་མོ་བཞིན་རིང་སྲིད།

ཡང་ན། འཇའ་འོད་ཀྱི་སྣང་བ་

བཞིན་ཐུང་།

ཐ་གུ་གཅིག་གིས་སྦྲེལ་ནུས་པའི་མི་

ཚེ་འདིར།

དུས་ཚོད་མཐའ་དག། ཕྱེ་ལེབ་

ཅིག་མེ་རུ་ལྕེབས་པ་བཞིན།

སྦྲུལ་ཞིག་སྐེ་ལ་ལྡང་བ་བཞིན།

དེ་ནི་ཡི་ཆད་དང་།འཁང་ར། ལེ་

བདའ། གཙེས་སུན་སོགས་

ཐ་སྙད་ཟུག་གཟེར་འབའ་ཞིག་གོ།

ནམ་ཞིག་གི་ཚེ།

ཁྱོད་ནི་ཨ་སྔོན་མཐོངས་སུ་འཕུར་

ངེས་ལ།

དོག་མོའི་པང་དུ་འཐིམ་ཡང་སྲིད།

དེ་དུས།

རང་ཅག་མཐའ་དག་ཆེས་དཀྱུས་

མའི་གང་ཟག་ཅིག་ཏུ་འཁུམས་ལ།

སུ་ལའང་འདི་མཐོ་དེ་དམན་གྱི་

བར་ཁྱད་མེད་ཅིང་།

མི་ཚེ་ནི་ཐོབ་བྱ་ཅི་ཡང་མེད་པའི་

རྣམ་གཡེང་གི་འགྲུལ་བཞུད་ཅིག་

ཏུ་སེམས་ལ།

ཡིད་སྨོན་དང་ཞེ་སྡུག་གི་དུར་

སའང་ཡིན་སྲིད།



  • ལེ་ཚན་སྔོན་མ།:སྐད་ཅིག་མའི་འདུ་འབྲལ།
  • ལེ་ཚན་རྗེས་མ།:​ངས་ལྷིང་འཇགས་ངང་འཚོལ་འདོད།