​ངས་ལྷིང་འཇགས་ངང་འཚོལ་འདོད།

གངས་ཟེགས།        2021-04-28

སྐྱེས་པ་ཕོ་འདི་དག།

ལས་དབང་གི་བང་ཁ་འགྲན་པ་ནས།

དབུགས་གཏོང་སའི་ལྷིང་འཇགས་ཤིག་ཡོད་མི་སྲིད།

སེམས་ཚེགས་ལྕགས་རྒྱ་གང་གིས་སྙིང་ཤ་མནན་རྗེས།

སྐྱེས་པ་ཕོ་འདི་དག་གིས།

རང་ཉིད་མེ་རུ་བསྒྲོན་ནས་སྙིང་སྟོབས་ཀྱི་རྨ་ཁ་ལས།

ལྐོག་ནས་རང་ཉིད་གཅིག་པུས།

བརྩེ་དུང་གི་ཁྲག་དམར་འཇིབ་བཞིན་ཡོད།

སྐྱེས་པ་ཕོ་ཞིག་གི་མགོ་དགོག་གསེང་ན།

སྡུག་ཡུས་ཀྱི་མཆིལ་མ་མང་བོ་ཡོད།

སྐྱེས་ནས་འཆི་བའི་བར་དུ་རང་གི་ཡོད་ཚད་བཙིར་ནས།

མི་མངོན་པའི་བུད་མེད་ཀྱི་རལ་གྲིས།

སྐྱེས་པའི་ལྷིང་འཇགས་ཀྱི་སེམས་ཁམས་དང་།

རྣོ་ངར་ཆེ་བའི་སྙིང་སྟོབས་ཡོད་ཚད།

མཐའ་མཇུག་རྩམ་པ་བཞིན་བཏག་ནས་བུད་འགྲོ།

སྐྱེས་པ་ཕོ་ཞིག་ཏུ་སྐྱེས་བ་ནས།

ཞེ་སྡང་གིས་ལྕགས་ནག་བཞུ་ཐུབ།

ངོ་སྲུང་སྤུ་ཉག་ཙམ་གྱི་ཆེད་དུ།

སྙིང་ཁྲག་གིས་མཆོད་པ་འབུལ་ཐུབ།

སྐྱེས་པ་ཕོ་ཞིག་གི་ཁ་ངོ་ལས།

ནམ་མཁའ་དང་ས་གཞི་ཐལ་བར་བརླག་ཐུབ།

སྐྱེས་བ་འདིར་ཕྱིར་འཐེན་མེད་པས།

ངས་ལྷིང་འཇགས་ཀྱི་ཁ་དབུགས་ཁམ་གང་ཡང་རྙེད་མ་བྱུང་།

ཁོད་ཡངས་པའི་རྨི་ལམ་ལས་ངལ་གསོ་ཙམ་ཡང་མ་ཐུབ།

སྐྱེས་བ་འདིར་ང་ལྷིང་འཇགས་ཀྱིས་འཆི་མི་ཐུབ།



  • ལེ་ཚན་སྔོན་མ།:ཡིད་སྨོན་དང་ཞེ་སྡུག
  • ལེ་ཚན་རྗེས་མ།:རྒྱལ་རོང་བ་བློ་བཟང་ཡར་འཕེལ་ལ་ཕུལ་བའི་ཞུ་འཕྲིན་ཚངས་སྲས་མྱོས་པའི་རྒྱུད་མངས།