རྣོ་ཟེར། 2021-04-23
གཏན་གྱི་སྐྱབས་མཆོག་བླ་མ་རིན་པོ་ཆེ།།
གདུང་འབོད་ང་རོས་གསོལ་འདེབས་འདི་མཆིད་ན།།
བདེ་ལྡན་པདྨོའི་ཞིང་ནས་སྙན་དབང་གིས།།
དལ་ཅིག་གསན་མཛོད་ཆོས་ཀྱི་རྒྱལ་པོ་ཀྱེ།།
པདྨའི་རྒྱལ་ཚབ་གངས་ཅན་བསྟན་འགྲོའི་མགོན།།
སྐྱབས་གཅིག་མཚུངས་མེད༧བླ་མ་ཡིད་བཞིན་ནོར།།
དད་པའི་ལག་ཟུང་སྙིང་ཁར་ལེགས་འཆང་བས།།
མཆོག་ཐུན་དངོས་གྲུབ་འཇོ་བའི་ཤིས་པ་སྩོལ།།
རྒྱལ་བ་གཉིས་པ་ཡིད་བཞིན་ནོར་བུ་ཡི།།
ཞལ་གྱི་དཀྱིལ་འཁོར་སྟོན་གྱི་ཟླ་རྒྱས་བཞིན།།
སྲིད་པའི་དཔལ་ཀུན་འཕྲོག་པའི་འཛུམ་དཀར་ཅན།།
བདག་གི་མིག་ལ་མངོན་སུམ་སྣང་བར་མཛོད།།
ཁྱེད་སྐུ་གསེར་གྱི་ཉིན་བྱེད་ལྷུན་པོ་སྟེ།།
སྲིད་གསུམ་མུན་པ་སེལ་བའི་སྒྲོན་མེ་ཉིད།།
འགྲོ་རྣམས་ཐར་ལམ་འདྲེན་པའི་ཁ་ལོ་བ།།
ཟླ་བྲལ་བླ་མའི་ཞབས་ལ་མགོས་ཕྱག་འཚལ།།
འཇིགས་མེད་དཔའ་བོའི་གོ་ཆ་གཡུལ་དུ་བགོས།།
ཕུན་ཚོགས་བསླབ་གསུམ་ནོར་བུ་རྒྱན་དུ་འཆང་།།
དྲི་མེད་ལྷག་བསམ་རིས་མེད་ཡོངས་ལ་དཀར།།
ཤཱཀྱའི་སྲས་པོ་ཁྱོད་ལ་གསོལ་འདེབས་བགྱིད།།
ཁྱེད་ཀྱི་མཛད་བཟང་གསེར་གྱི་འཁོར་ལོ་ཡིས།།
གངས་ལྗོངས་བསྟན་འགྲོའི་རྒུད་པ་རྨང་ནས་གསོས།།
ཟབ་རྒྱས་ཆོས་ཀྱི་སྦྲང་ཆར་འབེབས་མཛད་པས།།
དཔག་ཡས་ཕན་བདེའི་འགྲོ་ལ་དབུགས་དབྱུང་གནང་།།
རླབས་ཆེན་བསྟན་པའི་ཁུར་ཆེན་ཡོངས་བཞེས་ནས།།
མདོ་ཁམས་གསེར་ལྗོངས་ནཱ་ལེན་གཉིས་པ་ཞེས།།
སྙན་གྲགས་ཉི་ཟླའི་འོད་ཀྱིས་ཁྱབ་མཛད་པའི།།
དྲིན་ལྡན་དགེ་བའི་བཤེས་གཉེན་དེ་རིང་དྲན།།
དད་སྟོང་འཛུམ་པའི་ལང་ཚོ་ཆེར་འབར་བས།།
རྗེས་དྲན་གདུང་དབྱངས་དད་པའི་མཆོད་སྤྲིན་འདི།།
ཉམ་ཆུང་གུས་ལྡན་བདག་གིས་བགྱིས་པས་ན།།
དྲིན་ཆེན་བླ་མས་ཚེ་རབས་རྟག་ཏུ་སྐྱོངས།།
འདིས་མཚོན་རྣམ་དཀར་དུས་གསུམ་དགེ་བའི་ཚོགས།།
མ་གྱུར་འགྲོ་རྣམས་ཐར་བའི་གོ་འཕང་མཆོག།
གཏན་བདེ་ཡང་དག་རྫོགས་སངས་རྒྱས་ཕྱིར་དུ།།
བསྔོས་པས་འགྲོ་ཁམས་དུང་ནས་སྤྲུག་ནུས་ཤོག།
སྐྱེ་དང་ཚེ་རབས་ཕྲེང་བ་ཀུན་ཏུ་ཡང་།།
དཔལ་ལྡན་བླ་མ་ཁྱོད་དང་མི་འབྲལ་ཞིང་།།
ཡང་དག་བསླབ་པ་གསུམ་གྱིས་རྒྱུད་བསྡམ་པའི།།
དགེ་འདུན་འདུས་སྡེའི་ས་ཆེན་ཁྱབ་གྱུར་ཅིག།
རྩོམ་གསར། 10