​སྙན་ངག་ལ་བཏབ་པའི་སྨོན་ལམ།

གངས་ཟེགས།        2021-04-22

གང་ཞིག་ན་ཚོད་བཅུ་དྲུག་གི།

ཁོ་ལག་མཛེས་པ་རབ་རྫོགས་པའི།།

རིང་ནས་དད་ཅིང་བརྩེ་བའི་མ།།

རྟག་པར་མགྲིན་པ་འཁོར་ལོར་ཞུགས།།

ཡིད་ཀྱི་དད་བརྩོན་ཕྱོགས་གཅིག་ཏུ།།

འཛུམ་གྱི་མདངས་དང་རབ་འགྲོགས་ནས།།

ངག་རིག་སྒྱུ་རྩལ་གཞོན་ནུ་མར།།

དུང་བ་གཅེས་པའི་སྲོག་ལས་ཟབ།།

སེམས་ཀྱི་ཚོར་ཤེས་གླུ་ལེན་ཞིང་།།

སྐྱོ་བའི་གདུང་ཤུགས་ཕྱུང་མཁས་པའི།།

སྙན་ངག་ཚེ་རབས་བྲིས་ན་ཡང་།།

སུན་པ་མེད་པར་ལས་འཕྲོ་ཤོག།

གཞོན་དང་དར་མའི་བར་མཚམས་ནས།།

རྒ་དང་འཆི་བའི་འཇིག་རྟེན་དག།

སྙན་ངག་མུ་ཏིག་ཕྲེང་བ་ཡིས།།

ལོ་ཟླའི་ཐག་ལ་བརྒྱུས་པར་ཤོག།

སྐྱེ་བ་དུང་ཕྱུར་གྲངས་མེད་ལ།།

ངག་གི་ལྷ་མོའི་རྗེས་བཟུང་སྟེ།།

སྙན་ངག་དགའ་མ་སྙིང་ཉེ་མའི།།

དགའ་མགུའི་དཔལ་ལ་རོལ་བར་ཤོག།

འདོད་སྲེད་འཁོར་བ་ཇི་སྲིད་དུ།།

སྙན་ངག་བསྐལ་བ་མ་སྟོངས་པར།།

སྐྱེ་འཆིའི་འཁོར་ལོ་རབ་བསྐོར་ནས།།

ངག་རིག་ལོངས་སྤྱོད་འཛད་མེད་ཤོག།

འདི་སྣང་འགགས་ཏེ་ཕྱི་མའི་ལུས།།

མ་རྙེད་བར་དོའི་རྣམ་ཤེས་ཀྱང་།།

གཟན་དང་ལམ་བྲོའི་ཚུལ་དུ་ནི།།

སྙན་ངག་ཚིག་གིས་གསོས་པར་ཤོག།

བདག་གི་སྡིག་པའི་འཕྲོ་ཆད་ནས།།

འོད་གསལ་སྒྱུ་མའི་ལམ་ཞུགས་དུས།།

དབྱངས་ཅན་མ་ནི་ཆུང་མའི་ཚུལ།།

བདག་ལ་ཟུང་དུ་འཇུག་པར་ཤོག།



  • ལེ་ཚན་སྔོན་མ།:མཚོ་མཐར་བསྐྱོད་པའི་ཚོར་སྣང་།
  • ལེ་ཚན་རྗེས་མ།:རྨི་ལམ་ཟ་ཟིའི་ཕར་ངོགས་ཀྱི་སོས་ཀ།