མཚོ་མཐར་བསྐྱོད་པའི་ཚོར་སྣང་།

རྣོ་ཟེར།        2021-04-22

རི་བོང་འཛིན་པའི་འོད་ཞགས་མཐའ་ལ་བསྲིངས།།

མཚམས་སྤྲིན་དམར་པོའི་ཁ་དོག་ཡིད་དུ་འོང་།།

ཡངས་པའི་ཆུ་གཏེར་གསེར་ཞུན་ཁུ་བས་བྱུགས།།

ལྷིང་འཇགས་མཚན་མོ་འདི་ཡང་ཉམས་རེ་སྤྲོ།།

བསིལ་འཇམ་རླུང་བུ་ལྡང་བའི་ས་སྲོད་དེར།།

མཚོ་མོའི་རླབས་ཀྱིས་ཆིལ་སྒྲ་རྣ་བར་སྙན།།

ཡིད་འོང་བྱ་ཁྱུ་མཁའ་རུ་འཕུར་བ་མཐོང་།།

ཨེ་མ་ཡུལ་འདིའི་སྣོད་བཅུད་ཅི་འདྲའི་མཛེས།།

བདག་ནི་མཚོ་མཐའི་ངང་མོ་ཁེར་འཕུར་བཞིན།།

རྒྱང་རིང་བལྟས་ནས་ཕ་མཐར་བགྲོད་སྙིང་འདོད།།

ཆུ་གཏེར་གསེར་ཞུན་བསྣོལ་མའི་ཕ་རོལ་ན།།

ཡངས་པའི་འཇིག་རྟེན་ལྟད་མོར་ཆས་ན་སེམས།།

རང་བྱུང་མཚོ་མོའི་ཁང་བཟང་འཁྱུད་པ་ཡི།།

ལྟོ་དཀར་གསེར་མིག་ཉ་མོའི་འགྱུ་བག་གིས།།

ཟླ་བ་ལྷ་མོ་མགྲོན་དུ་འབོད་པ་བཞིན།།

ལྡེམ་མྱུར་ལུས་ཀྱི་སྟངས་སྟབས་གར་ལ་བསྒྱུར།།

གཙང་པོའི་རྒྱ་ཁྱོན་ནམ་མཁའི་མཐའ་ལ་འདྲེས།།

ཟབ་ཡངས་རྒྱ་མཚོའི་གཏིང་མཐའ་སུ་ཡིས་གཞལ།།

དཔག་ཚད་བྱེ་བར་ཡོངས་ཁྱབ་གངྒཱའི་གཏེར།།

དེ་བརྒལ་མཐའ་ལ་ངང་མོའི་གཤོག་ཟུང་ངལ།།

མཚོ་མོའི་རླབས་ཀྱིས་དབུ་བའི་མེ་ཏོག་ཁུར།།

ནོར་འཛིན་བུ་མོས་གྲིབ་མའི་གོས་བཟང་གྱོན།།

བཞད་དཀར་ངང་མོའི་ཁྱུ་ཚོགས་མལ་སར་སྙེག།

ཡངས་པའི་བར་སྣང་ཕྱེ་ལེབ་རྒྱུ་བ་མཐོང་།།

ཉིན་བྱེད་དབང་པོ་ནུབ་རིའི་ཕག་ཏུ་སོང་།།

འདབ་དྲུག་པདྨའི་ལང་ཚོ་གཉིད་དུ་ཡུར།།

སླར་ཡང་ཀུན་གསལ་ནམ་མཁའི་ལྷ་མོ་ཡིས།།

ཡུལ་འདིའི་ཁ་དོག་གསེར་གྱི་གོང་བུར་བྱས།།

ཨེ་མ་ཅི་འདྲའི་ཡུལ་ལྗོངས་ཉམས་དགའ་བ།།

ཆེད་དུ་མེས་པོའི་སྤྲུལ་འདྲའི་ངོ་མཚར་གླིང་།།

འདྲེན་བྱེད་དོན་ལྡན་འདོད་པའི་སྐྱེ་བོ་དག།

ཡུལ་དེར་ལན་གཅིག་ལྗོངས་རྒྱུ་ཕེབས་པར་འཚལ།།

ཁོ་བོ་གནས་འདིའི་མཛེས་སྡུག་ལ་ཆགས་པས།།

ཐུན་གསུམ་ཅན་མ་སྐད་ཅིག་བཞིན་དུ་སོང་།།

སྐྱ་རེངས་དང་པོའི་སྒོ་གླེགས་མ་འབྱེད་བར།།

གཉིད་དུ་ཡོལ་བ་བརྗེད་པར་དེ་རུ་ལྷག།

རིམ་གྱིས་ཤར་རིའི་ཕྲག་ནས་ཁྲི་གདུགས་ཀྱི།།

འོད་ཞགས་ཟེར་མ་ནམ་མཁའི་མཐའ་ལ་འདྲེས།།

རྒྱུ་སྐར་ཐང་ལ་ལྷུང་འདྲའི་འབྲོག་སྡེ་ཚོས།།

དུ་བ་གཡུ་སྔོན་འཁྲིགས་པའི་ཉིན་བྱེད་སྒྲིབ།།

ཕྱུགས་རིགས་ཐང་མར་བརྡལ་བའི་རྩྭ་ཐང་དུ།།

རང་བྱུང་མེ་ཏོག་ཁྱུ་ཚོགས་རབ་འཁྲིགས་ཤིང་།།

རྩི་བཅུད་རླུང་གིས་བསྐྱོད་པའི་བསུང་ངད་ཀྱིས།།

མ་ལ་ཡ་ཡི་དགའ་ཚལ་བག་ཕེབས་བྱིན།།

ཡུལ་དེའི་མི་རྣམས་འབྱོར་བས་ཡོངས་གཏམས་ཏེ།།

གནོད་སྦྱིན་བདག་པོའི་གྲོང་ཡང་ཉམས་བྱེད་ཅིང་།།

རྟ་ནོར་ལུག་གསུམ་བཀྲམ་པའི་སྣང་ཚོར་གྱིས།།

རྒྱུ་སྐར་ཐང་ལ་ལྷུང་སྙམ་རྣམ་པར་འཁྲུལ།།

འདི་ལྟར་རྒྱང་བཞུད་ཁོ་བོའི་ཡུལ་ལྗོངས་ཀུན།།

མ་བྲིས་སེམས་ལྡན་སྐྱེ་བོ་སུ་ཡིས་རྟོགས།།

ལོ་ན་རྒས་དུས་བདེན་པའི་དཔང་པོ་མེད།།

དེའི་ཕྱིར་སྙན་ངག་བྲིས་ནས་དྲན་རྟེན་བཀོད།།

ཁོ་བོའི་སེམས་ཚོར་བྲིས་པའི་ཡིག་ཕྲེང་འདི།།

ཚིག་རིས་སྙན་པའི་སྡེབ་སྦྱོར་བསྒྲིགས་པ་མིན།།

མཛེས་པའི་ཡུལ་ལྗོངས་རྟོགས་པའི་ཀློང་ཤར་བ།།

མིང་ལ་ཚངས་སྲས་འཛུམ་པའི་འོད་ཀྱིས་བྲིས།།



  • ལེ་ཚན་སྔོན་མ།:རྣམ་རྟོག་གི་རླུང་།
  • ལེ་ཚན་རྗེས་མ།:​སྙན་ངག་ལ་བཏབ་པའི་སྨོན་ལམ།