​ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།

རང་དཔལ་སྙིང་བྱམས།        2021-03-30

འཁོར་བའི་ནགས་ཚལ་འདི་ལ་མཐའ་མེད་ཀྱང་།།

རེ་བའི་ཁང་ཆུང་གྲུ་བཞི་འགྲུབ་ཐབས་བྲལ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

སེམས་ལ་ཨ་ཐང་ཆད་པའི་ཉམས་ཤིག་བྱུང་།།

ལུས་ཀྱི་ཕུན་ཚོགས་མི་རྟག་དཔེར་གོ་ཡང་།།

སེམས་ཀྱིས་ཐལ་བ་བཞིན་དུ་འདོར་ཐབས་བྲལ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

ཡིད་ལ་འདོད་པའི་གཡབ་མོ་མང་ཙམ་བྱུང་།།

བཞུད་པའི་ལོ་ཟླར་ཕྱིར་ལྡོག་མེད་ན་འང་།།

ཞེན་ཆགས་མིག་ཟུང་གོར་མོ་གཟུམ་ཐབས་བྲལ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

དྲན་པའི་ཆུ་ཕྲན་བསིལ་མ་ཤང་ཤང་འབབ།།

དུས་ཀྱི་འཁོར་ལོ་ཕྱི་ཕྱིར་འཁོར་མེད་ཀྱང་།།

གངས་ཀྱི་དར་རྒུད་རི་མོ་སྙིང་ལ་བྲིས།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

བསམ་གཞིག་མལ་དུ་ཚེས་པའི་ཟླ་བ་གྲང་།།

ཤ་རུས་བྱ་རྒོད་མཆུ་ཡིས་འབྲད་མཐོང་ཡང་།།

ལུས་གཅེས་འཛིན་པ་སྣབས་བཞིན་འདོར་ཐབས་བྲལ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

མིག་ལ་མཛེས་པའི་ལོངས་སྤྱོད་རན་ཙམ་སྣང་།།

ལུས་སེམས་ཕྱི་དྲོར་བྲལ་བའི་ཚུལ་རིག་ཀྱང་།།

ཚེ་འདི་བློས་བཏང་དམ་ཆོས་བསྒྲུབ་ཐབས་བྲལ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

སེམས་ལ་དགའ་སྐྱོའི་རྣམ་གྲངས་མོད་པོ་བྱུང་།།

འུར་ཟིང་ལས་ཀྱི་གྲོང་ཁྱེར་ཆེན་པོ་འདིར།།

ལས་འབྲས་གློག་འོད་སྣ་ཚོགས་ཅི་ཡང་བཀྲ།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

ཡིད་ཀྱི་རི་ཆུ་འབུམ་ཕྲག་བརྒལ་དགོས་བྱུང་།།

དབུལ་ཕྱུག་ཀླན་ཀ་ཆེ་བའི་དུས་རབས་འདིར།།

ཕྱིས་ཀྱི་ལམ་བུར་ཇི་ལྟར་བགྲོད་པར་འགྱུར།།

ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།།

བྲན་གཡོག་ལས་ལ་བྲེལ་བའི་སྟབས་ཀ་མཐོང་།།



  • ལེ་ཚན་སྔོན་མ།:སློབ་ཐོན་སློམ་མར་ཕུལ་བའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:ཟླ་བ་བཞི་པ།