ཟླ་བ་བཞི་པ།

ལྷུན་གྲུབ་ཆོས་འཕེལ།        2021-03-31

ཟླ་བ་བཞི་པ། དཔྱིད་ཀ་འདིའི་འདྲི་རྨེད་ཁྲོད་ནས་རྙེད་པའི་ལྗང་ལོ།

ལུང་ཆེན་ལུང་ཆུང་ནས་གཙང་ཆབ་བསྣམས་ཏེ།

ཕ་ཡུལ་གྱི་རྫ་ཆུ་བྱེས་སུ་ཐོན།

སྙན་མོ་དབྱངས་ཀྱི་འགྱུར་ཁུག་བཏེགས་ཏེ།

ཁུ་བྱུག་སྔོན་མོ་ཡུལ་ལ་ལོག་པའི་ཟླ་བ།

ཟླ་བ་བཞི་པ། རེ་བའི་དབུ་ཐོད་ནས་གཞོལ་བའི་རྔུལ་ཆུའི་ཐིགས་པ།

ཕ་ཡུལ་དུ་རྫ་ཆུ་ཡུར་ལ་དྲངས། མཛོ་གཡག་རི་ནས་བླངས་ཏེ།

ཞིང་ཐང་གི་སྟེང་འོག་བརྗེ་ཆོག་པའི་སོ་ནམ་ཟླ་བ།

ཟླ་བ་བཞི་པ། ས་རྡོའི་བར་གསེང་ནས་ཤོར་བའི་དཔྱིད་ཀྱི་དཔལ་ཡོན།

དྲོད་མི་ཐེག་པའི་རྩི་ཤིང་དག་གཉིད་ལས་སངས་ཏེ།

དགུན་གྱི་ཐལ་རླུང་སྤྱུགས།

ཡུལ་ལུང་འདིའི་རི་གཞུང་ལ་ན་བཟའ་གསོལ་ཏེ།

སྤྲིན་དཀར་གྱི་མིག་ཆུ་གཏོང་བའི་ཟླ་བ།

ཟླ་བ་བཞི་པ། ལོ་རྒྱུས་རེག་ཟིག་ཏུ་མི་གསལ་བའི་རེ་སྒུག

སློབ་ཁྲིད་དྲ་བར་བསྐུར། དགེ་རྒན་ཁ་པར་ནས་མཇལ་བའི་དུས་ཚོད་བསྐྱུར་ཏེ།

སློབ་མགོ་ཚུགས་ཆོག་པའི་གཏམ་བཟང་ལ་རེ་བའི་ཟླ་བ།

ཟླ་བ་བཞི་པར། འཚོ་ཚིས་ངལ་ཤུགས་ལ་བཅོལ་བའི་ལས་མི་ཚོས།

རང་ཡུལ་གྱི་བདེ་བ་འཁྱགས་པར་བརྫངས།

ཡུལ་གྱར་བའི་ཐ་སྙད་རུམ་ནས་བཏོན།

ས་ཡོད་ས་ནས་ས་དང་། རྡོ་ཡོད་ས་ནས་རྡོ་བསགས་ཏེ།

དུས་རབས་འདིའི་ཁང་པ་ལས་རོགས།

ཟླ་བ་བཞི་པར། རྨི་ལམ་གྱི་ཐ་གུ་ཆད་པའི་འདྲུད་འཐེན་འཁོར་ལོས།

སྣུམ་ལམ་གྱི་ལྷིང་འཇགས་རང་སར་བཞག

ཞིང་ཁའི་འབར་འབུར་བཅག་བཅག་གིས།

སྙེ་མགོ་ལྕིད་མོའི་སྐྱེད་བྱེད་གསོལ་རོགས།

ཟླ་བ་བཞི་པར། སྙིང་གཏམ་མི་འཁྱོགས་པའི་ཁམ་བུའི་མེ་ཏོག

སྡོང་པོའི་དབུ་རྩེ་རུ་དགྱེས་འཛུམ་མ་ལྷོད་པར།

ཁྲ་ཆིག་གེར།

ཨ་གསར་ཅན་ཚོའི་རྣ་བར་བབས་རོགས།

ཟླ་བ་བཞི་པར། སོ་ནམ་པ་ཚེགས་དང་ཚེགས་ཀྱི་བར་ནས་འཛུམ་ཞིང་།

སྙན་ངག་པ་ཐ་སྙད་གསིང་ནས་དགོད།

སྨན་དོན་པ་ཁ་རས་ངོས་ནས་འཛུམ་ཞིང་།

གསར་འགོད་པ་བརྙན་འཕྲིན་ནང་ནས་དགོད་པའི་ཟླ་བ།



  • ལེ་ཚན་སྔོན་མ།:​ང་ཡིས་སྙན་ངག་རི་མོ་འབྲི་བའི་དུས།
  • ལེ་ཚན་རྗེས་མ།:དཔྱིད་ལ་དཀྲོལ་བའི་མགུར།