སྲད་འདབ་གསར། 2021-03-30
རེ་སྒུག་དང་འབད་བརྩོན་གྱིས་གྲུབ་པའི་ཤེས་རིག་གི་དགའ་ཚལ་ན།
ཁྲ་ཆི་ལེར་བཞད་ཅིང་དགོད་པའི་ན་མཉམ་གྱི་ཤེས་གྲོགས་ཚོ།
ཁུ་སིམ་སིམ་སྨྱུ་གུ་ཡི་གཡུལ་ས་ཞིག་ལ།
ཁྱེད་སྤོབས་སེམས་དང་ངར་ཤུགས་ཀྱིས་བསྐྱོད་དགོས།
འཇིགས་སྣང་དང་དངངས་སྐྲག་ནི།
ཁྱེད་ལ་བྲིས་པའི་ཕམ་ཁ་ཡི་སྔོན་འགྲོ་མ་ཡིན་ལ།
རྨོངས་འཐོམ་དང་རྗེས་ལུས་ནི།
ཁྱེད་ལ་ཆགས་པའི་རང་གཤིས་ཀྱི་དྲི་ངན་ཞིག་ག་ནས་ཡིན།
དཀའ་སྡུག་དང་སེམས་ཁྲལ་ནི།
ལང་ཚོའི་གར་སྟེགས་སུ་འཁྲབ་པའི་ཉམས་འགྱུར་གྱི་སྟངས་སྟབས་ཤིག་ཡིན་ལ།
བྲེལ་འཚུབ་དང་འབད་བརྩོན་ནི།
ཁྱེད་ལ་འཁྱུད་ཅིང་ཁྱེད་ལ་བསྟོད་པའི་མེ་ཏོག་གི་མཆོད་པ་ལོས་ཡིན།
དེ་རིང་།
དཔྱིད་དཔལ་གྱི་ལང་ཚོ་རྒྱས་པའི་དུས་བཟང་དེ་རིང་།
ང་ཚོས་སད་སེར་ལ་མ་འཛེམ་པའི་གསོམ་ཤིང་གི་རྣམ་ཐར་སྐྱོང་བཞིན།
རེ་བའི་ལྡུམ་རར་ཤེས་རིག་གི་ས་བོན་འདེབ་ནས།
སང་ཞོགས་ལྗང་མྱུག་གི་རྨི་ལམ་ལ་གོམ་ཁ་ཕྱོགས་ཤིག
གཟིགས་དང་། ཤེས་གྲོགས་ཚོ།
འཚོལ་སྙེག་གིས་དེད་པའི་ཕུགས་བསམ་གྱི་ལམ་ཟུར་ན།
ཨ་ཕ་དང་ཨ་མས།
ལྷ་དར་གྱི་བསུ་མའི་ཁྲོད་ནས་ང་ཚོ་སྒུག་བཞིན་འདུག།
ཤེས་གྲོགས་ཚོ།
མཐོ་རྒྱུགས་ཀྱི་གཡུལ་ས་ནས་རྒྱལ་ཏེ་མ་འོངས་པའི་དག་ཞིང་ལ་འབད་དགོས།
གཏམ་བཟང་གི་གླུ་དབྱངས་ཁྲོད་ནས།
ལེགས་གྲུབ་ཀྱི་དར་ཆ་དེ་ནམ་དགུང་ལ་མཐོན་པོར་བསྒྲེང་དགོས།
འོད་སྟོང་དང་ལྡན་པའི་ཕུགས་བསམ་ཞིག་གིས་ཁྱེད་ལ་མིག་ཟུར་གྱི་མདའ་མོ་འཕེན་བཞིན་གདའ།
རྩོམ་གསར། 10