རྣོ་ངར། 2021-03-30
ལྡེབས་རིས་ཤིག་ལ་ལྐོག་བཤད།
རོ་མྱག་གི་འདམ་དུ་འབྱིང་བའི་སྐར་མ་ཞིག་གིས།
ཞོགས་པའི་ཉི་འོད་ཀྱིས་རི་རྩེའི་ཟིལ་ཆུ་གཏོར་བར་སྒུག།
ཡིན་ན་ཡང་། སྐར་མའི་དཔྲལ་བར་ཐོག་པའི་མིག་ཟུང་ལ།
ཉི་འོད་ཀྱི་སྤྲིས་མ་བཏུང་བའི་ནུས་པ་མི་འདུག།
རླུང་གི་སྒྲོག་རྩེར་འཁྱིལ་བའི་ཆུ་བོ་དང་མེ་ཏོག་གི་ལྦུ་བ།
ཆུ་བོའི་ཁ་རུ་གཡེངས་པའི་རྣམ་དག་གི་བརྩེ་དུང་།
མིག་མདུན་གྱི་ཤོག་བུ་སྟོང་པ་ཞིག་ཏུ་ཨུ་ཚུགས་ཀྱིས་བྲིས་ན་ཡང་།
དོན་མི་གོ་བ་འདིས་ཁྱོད་ཀྱི་མཚོན་ཚབ་ཡོང་གི་མ་རེད།
2 མིང་མེད།
ང་ཡི་རྟ་ཕོ་རྔོག་དཀར་འདིའི་རྟོད་ཐག།
ཁྱོད་ཀྱི་དོན་ལྔ་སྣོད་དྲུག་གི་རྟོད་ཕུར་ལ་བཏགས་འདུག།
ད་ནི་ང་རང་མཐའ་ཀླས་པའི་ནམ་མཁའ་འདིའི་རྒྱ་ཁྱོན་མིན།
འདི་རུ་ཁྱོད་ཀྱི་གནས་བཅའ་སའི་ས་མིག་ཆུང་ཆུང་ཞིག་ལས།
ཕྱི་རོལ་གྱི་བྱེའུ་ཆུང་དག་གི་གཤོག་ཟུང་རྐྱོང་ས་མེད།
ངས་མཐའ་ཡས་པའི་དྲན་གདུང་གི་མེ་ཕུང་བསྒྲོན་ཏེ།
མུན་ནག་ནང་ནས་ཁྱོད་ཀྱི་གྲིབ་གཟུགས་ལ་བལྟ་ཆོག།
ཡིན་ན་ཡང་། ཉིན་འོད་ལམ་ལམ་ནང་གི་མུན་
ནག་ལ་ང་ཤིན་ཏུ་སྐྲག།
ཆར་པ་དང་ཁྱེད་གཉིས་ལ་ཅི་ཞིག་འབྲེལ་བ་ཡོད།
ཆར་པ་ཟམ་ཟིམ་འབབ་པའི་ཞོགས་པར།
ཁོ་བོ་ཁྱོད་དང་འཕྲད་པར་ལྟ་བུའི་དགའ་སྤྲོ་ཚད་མེད་སྐྱེས།
ལུས་ཀྱི་ཕྱི་ནང་དང་སེམས་ཀྱི་གཡས་གཡོན་དག་
ཆར་པར་སྦང་།
རྗེས་སུ་ང་རང་སྲང་ལམ་གྱི་སློང་མོ་བ་དེ་ཚོས་གྲལ་དུ་ཡོད་སྲིད།
ངས་མིག་ཟུང་གིས་ཁྱོད་ལ་བརྩེ་བ་བསླང་སྲིད།
ངས་ཁྱོད་ལ་བརྩེ་བ་སློང་དུས་ཁྱོད་ཀྱིས་
ང་ལ་དུས་ཚོད་བསླང་ཡང་སྲིད།
དངོས་གནས་དེ་ལྟར་ཡིན་སྲིད་ཚེ།
ངས་སྐྱེ་བ་འདིའི་དུས་ཚོད་ཡོད་དོ་ཅོག་རྩིས་མེད་
དུ་བཏང་ངེས།
བརྩེ་བའི་གྲོགས།
ད་ལྟའི་བདག་གི་ཉིན་ཞག་རེ་རེ་ལ།
དུས་ཚོད་སྟོང་ཕྲག་བརྒྱད་དང་དྲུག་བརྒྱ་བཞི་བཅུ་ཡོད་འདུག།
དངོས་གནས་ཧ་ལས་པ་རེད་བཞག།
རྡོ་བ་ཞིག་གི་མིག་དཔེ།
ཡུལ་ལུང་འདིའི་གཡས་རི་གཡོན་རི་དག་ལ།
ནག་ཉེས་མཚོན་བྱེད་ཀྱི་དར་ལྕོག་ཁ་གང་མ་ཞིག་བསྒྲོན་འདུག།
གདུང་བའི་ང་རོ་བསྒྲགས་ཏེ་རླུང་དམར་གྱི་སོ་ཁ་ན་
འཕྱོ་བཞིན་གདའ།
ད་ནི་འུ་ཚོ་ལ་བཟོད་བསྲན་མི་ཐུབ་པ་ཅི་ཡང་མེད།
སུག་བཞིར་སུམ་སྒྲོག་བརྒྱབ་པའི་ང་རང་ཚོ།
སོ་སོའི་རྐང་ལག་གཡོ་འགུལ་ཙམ་ལ་ཚིག་པ་ཟ་བ་ལས།
བཟོད་བསྲན་མི་ཐུབ་པ་ཅི་ཞིག་འདུག་གམ།
རང་རེ་ཚོ་རྡོ་བ་ཞིག་གི་མིག་དཔེ་ཡིན་འོས།
རྡོ་བའི་ཚོགས་ཀྱིས་རྟ་མཆོག་ཆིབས་ཏེ་ཡོང་།
མེ་མདའི་ཡུ་བ་ནས་མར་འཛར་གྱིན་པ་ནི་རང་གི་ཁྲག་རྒྱུན་ནོ།།
དམར་ལྷང་ངེར། རླན་ནེར་རེར།
དེ་ནི་འཇིགས་སྐུལ་རིང་ལུགས་པ་ཞིག་དང་འདྲ་བོ་འདུག།
སེམས་ཀྱི་ཉི་ཟླ།
ཆུ་ཡི་མདངས་ལྟར་མ་བཞུར།
ང་ཡི་གཉའ་ལྟག་ལ་ལྗིད་ཚད་ཕུད་ས་ཡོད།
སེམས་ཀྱི་ལྕགས་ནག་གི་མདུད་པ།
སོ་སོའི་མིག་ཆུ་ནང་ནས་དགྲོལ་ཆོག།
ནམ་མཁའ་ཡུག་གཅིག་གི་འོག་ནས་འཁྲིས་སུ་ཡོད་
ཀྱང་མེད་ཀྱང་།
ངས་ཁྱོད་ལ་ཉི་འོད་ཀྱི་སྐུད་པ་སླེ་བཞིན།
དུས་ཚོད་ཀྱི་གྲིབ་སོ་བཤམ་ཆོག།
སྙིང་སྡུག་ཨ། ང་ཡི་སྙིང་སྡུག།
ཤ་དང་རུས་པའི་མེ་ཏོག
ཆུ་མོ་མར་མར་བཞུར་སོང་།
རྡོ་བ་ཆ་ཆོའི་ཁྲོད་ན་ང་རང་ལུས་འདུག།
རྒྱང་རིང་བའི་མཛེས་སྡུག་ལྡན་པ་ལགས།
ངས་རང་ཉིད་དུམ་བུར་གཉིས་སུ་བཏང་བཞག།
ད་ནས་བཟུང་ཁྱོད་ལ་ཞེད་སྣང་མེད།
མིག་ཟུང་གཞན་གྱིས་ངའི་ལུས་སྟེང་ནས་ཁྱོད་རང་རྙེད་མི་སྲིད།
ངས་སེམས་ངོགས་ཀྱི་ཁྱོད་ཀྱི་གཟུགས་བརྙན་ལ་རེག་ཐུབ།
དེ་ནི་རྡོ་ལ་བྲིས་པ་བཞིན་ཚུགས་ཀ་མེད་ཀྱང་ཡལ་རྒྱུ་མེད།
རྩོམ་གསར། 10