​ཚིག་གི་མེ་ཏོག་རྙིད་པོ།

གྱིན་འདའ་བ།        2021-03-22

ངེས་ལ་མི་ངེས་པའི་ཚིག་གི་རྟ་ཕོ་དེ་ལ།

གསལ་ལ་མི་གསལ་བའི་ཚོར་བའི་སྒ་ཆས་སྤྲས་ཏེ།

མཐའ་མི་མངོན་པའི་ཤེས་བྱའི་ཐང་གཤོངས་སུ་འདུར་ཞིང་།

བགྲོད་མི་ཚར་པའི་འཁོར་བའི་རི་སྒང་དེར་བསྐྱོད་རུང་།

འཁོར་འདས་བར་གྱི་འོད་ཀྱི་འཇའ་གུར་དེ་ཕུབ་མ་ཐུབ་པ།

ངའི་ལུས་ངག་ཡིད་གསུམ་ལ་སྡིག་སྒྲིབ་ཀྱི་ཁྲེས་པོ་ལྕི་བས་ལན་ནོ།།

མ་གཞི་སྙན་ཚིག་གི་མེ་ཏོག་ཆུན་པོ་ནི།

ཕྱིའི་ཡུལ་གྱི་ན་སྤང་ཐང་གསུམ་ན་མེད་ཅིང་།

ནང་སེམས་ཀྱི་ཚོར་བའི་བར་ན་འཐིམ་ཡོད་པས།

ཚོར་བའི་ཁོལ་མའི་ངོགས་ཀྱི་འདབ་ལོ་རྙིད་པོ།

སྣང་བའི་བས་མཐའི་འགྲམ་གྱི་ཤིང་སྡོང་སྐམ་པོ།

དེ་དག་གི་ལོ་ཟླ་ལ་སུ་ཞིག་གིས་ནག་ཐིག་ཕབ་པ་ཡིན་ནམ།

ངའི་འདས་མ་ད་གསུམ་ལ་སྙན་ཚིག་གི་མེ་ཏོག་བཞད་མ་སོང་།

ཁུ་སིམ་མེར་ཚོར་བའི་ཚིག་གི་སྤྱི་ཁང་ན་མནལ་དུ་གཡུར་བའི།

ངའི་དུས་གསུམ་གྱི་རིག་མ་སྟེ་སྙན་ཚིག་གི་བདག་མོ།

ཡུན་རིང་ཞིག་ལ་ངག་སྒོ་ན་ལུས་ཚིག་གི་ཁ་ཆུ།

ལོ་མང་ཞིག་ལ་ཡིད་གཞུང་ན་ལྷག་པའི་ཉི་ཟླའི་རྣ་ཆ།

ཚིག་གིས་ཕོ་བྲང་བཞེངས་པའི་ཡིད་ཀྱི་ལྡིང་ཁང་ནས།

ང་ལ་ཚོར་བའི་མེ་ལྕེ་སྦོར་ཤོག། དབྱངས་ཀྱི་ང་རོ་སྩོལ་ཤོག།

ཚོར་བ་ལ་ཁ་དོག་མེད་ན་སྙན་ཚིག་གི་མེ་ཏོག་རྙིད་འགྲོ།

འཇིག་རྟེན་ལ་དྲོད་ཁོལ་མེད་ན་ཉི་ཟླ་ཡི་བགྲོད་ལམ་ཆད་འགྲོ།


  • ལེ་ཚན་སྔོན་མ།:འདུ་འཛི་དང་ལྷིང་འཇགས།
  • ལེ་ཚན་རྗེས་མ།:བསྟོད་པའི་སྙན་ངག་གསེར་གྱི་པི་ཝང་།