འདུ་འཛི་དང་ལྷིང་འཇགས།

ལན་བུ་ཅན།        2021-03-22

བགྲང་གིས་མི་ལང་པའི་འདུ་འཛི་རེ་རེ་ལ།

ལག་རྙབ་མི་ཐུབ་པའི་འདུན་མ་རེ་རེ་ཡོད།

གོམ་སྟབས་མྱུར་བའི་འདུ་འཛི་ཐེངས་རེ་ལ།

འཚོ་བས་གནང་བའི་ལྕག་ཚན་གྱི་གསོལ་རས་མངོན་ནས་འདུག

ངོ་གདོང་མི་གཅིག་མིག་ཟུང་མི་མཚུངས་པའི་མི་ཚོགས་ཀྱིས།

ཕྱོགས་གཅིག་ཀུན་ཏུ་འདུ་འཛི་ལང་ལོང་འཁྲིགས་པ་འདི་ཡིས།

ལས་དབང་ཞེས་པའི་བཀའ་ཁྲིམས་ཕོག་པ་ཨེ་ཡིན་ནམ།

སྤྱི་ཚོགས་ཞེས་པའི་འདུ་འཛིའི་རྦ་རླབས་ཁྲོད་དུ།

ཁྱོད་ཀྱི་རེ་སྙེག་དགུང་ལ་འཕྱོ་བཞིན་ཡོད་དམ།

ཡང་ན་དུས་ཀྱི་འཕེལ་འགྲོས་དང་འགྲོགས་ཏེ་མི་ཚོགས་ཀྱི་རྒྱ་མཚོ་རུ།

ཁང་བ་གྲུ་བཞི་དེའི་ནང་གི་གྲིབ་གཟུགས་བཞིན་བོར་ཨེ་ཟིན།

འདུ་འཛི་ལ་དགའ་བའི་ཁྱོད་དང་ང་ནི།

རེ་འདུན་གྱི་ཀློང་དུ་བསྐྱོད་པའི་བྱ་ཚོགས་དེ་ཡིན།

འདུ་འཛི་ལ་ཞེད་པའི་ཁྱོད་དང་ང་ནི།

ནམ་མཁའི་དབྱིངས་སུ་བོར་བའི་བྱ་ཁྱུ་དག་ཡིན་ཨང་།

མཐེ་བོས་བརྩིས་ཀྱང་ལོང་བའི་ལྷིང་འཇགས་དེ་དག་ལ།

ལུས་སེམས་ཟུང་གིས་མྱོང་བའི་ཉི་ཐིག་གི་བགོ་སྐལ་ཡོད།

གོམ་པའི་འདེགས་འཇོག་དལ་གྱིས་བསྒྱུར་ཏེ་རང་སེམས་ལ་བྱིལ་བྱིལ་བྱེད་དུས།

འཚོ་བའི་མཛེས་སྡུག་གོམ་སྟབས་ཀྱི་དཀྱིལ་ལ་ཡོད་ཅིང་།

འཚོ་བའི་སྙིང་པོ་མིང་ཟུང་གི་བར་ནས་མངོན།

རང་སེམས་ཀྱི་འཕར་ལྡིང་ལ་ནན་གྱིས་ཉན་ཞིང་།

རང་སེམས་ཀྱི་མེ་ལོང་ལ་བྱི་དོར་ཡང་ཡང་བྱེད་དུས།

ལྗན་ལྗིན་གྱིས་རབ་ཏུ་ཁེབས་པའི་རང་སེམས་ལ་མྱ་ངན་ཞུ་ཆོག་ཅིང་།

རང་སེམས་རང་གིས་བདག་ན་མཆོག་ཡིན་པའི་གནས་ལུགས་ཟབ་མོ་ཞིག་ཀྱང་རྟོགས་ཡོང་།

སེམས་པ་ལྷོད་ལ་ཕབ་སྟེ།

མཐིང་མདོག་གི་ནམ་མཁའ་དང་བརྟན་བརླིང་གི་གངས་རི།

མུ་མེད་ཀྱི་རྩྭ་ཐང་དང་བག་ཕེབས་ཀྱི་ཕྱུགས་ཟོག

དྭངས་གཙང་གི་མཁའ་དབུགས་དང་དྭངས་གསལ་གྱི་ཆུ་བོ།

གཞུང་དྲང་གི་སེམས་གཤིས་དང་ལྷད་མེད་ཀྱི་འཛུམ་མདངས།

དག་གཙང་གི་སྨོན་འདུན་དང་ས་སྲོད་ཀྱི་མཚམས་སྤྲིན།

ཞོགས་པའི་ཉི་ཐིག་དང་དབྱར་ཁ་ཡི་ལང་ཚོ།

དགུན་དུས་ཀྱི་ཁ་བ་དང་སྟོན་ཀ་ཡི་སྡོང་ལོ།

སོས་ཀ་ཡི་ལྗང་མྱུག་སྟེ།

མདོར་ན་རང་བྱུང་གི་མཛེས་སྡུག་ལ་ལྷིང་འཇགས་ཀྱིས་རོལ་ན།

ཤེས་རབ་ཀྱི་མིག་ཟུང་རྒྱས་ཤིང་སྤྲོ་བ་ཡི་མྱུ་གུ་འབུས་ཡོང་ཞིང་།

རང་དབང་གིས་རེ་སྙེག་ཀྱང་གྲོལ་འགྲོ་ཨང་།

ལྷིང་འཇགས་ལ་རེ་བའི་ཁྱོད་དང་ང་ནི།

ཉི་ཐིག་སེམས་ལ་ཐོགས་པའི་བྱིས་པ་བཞིན།

འཇིག་རྟེན་གྱི་མཛེས་སྡུག་ལོངས་སུ་སྤྱོད་ཆོག

ལྷིང་འཇགས་ལ་ཞེད་པའི་ཁྱོད་དང་ང་ནི།

གྲང་ངར་གྱིས་མནར་བའི་བགྲེས་པོ་ལོ་ལོན་ལྟར།

ཞེད་སྣང་གིས་ཤུབས་སྣ་ཚོགས་སུ་གཞུག་དགོས།

ལྷིང་འཇགས་དང་འདུ་འཛིའི་ཉིན་སྲིབ་བར་དུ་གནས་པའི་ཁྱོད་དང་ང་ནི།

རེ་དོགས་ཀྱི་མཚམས་སུ་རྒྱུ་བའི་དར་མ་དེ་དང་ཅི་འདྲའི་མཚུངས་པ་ལ་ཨང་།


  • ལེ་ཚན་སྔོན་མ།:ལམ་གྱི་སྨུག་སྤྲིན།
  • ལེ་ཚན་རྗེས་མ།:​ཚིག་གི་མེ་ཏོག་རྙིད་པོ།