ལམ་གྱི་སྨུག་སྤྲིན།

ན་རོ་དགུ་བ།        2021-03-22

ལོ་ཟླའི་ཁ་དོག་ཅི་ཙམ་འགྱུར་ཡང་སེམས་ཀྱི་ཟློས་གར་གཅིག་ཏུ་གནས།།

གསེར་གྱི་རི་མོ་དབྱིངས་ལ་བྲིས་པས་བྲིས་པའི་མཐའ་ལ་རྫོགས་མཐའ་མེད།།

འཁྱག་གིས་བསྡམས་པའི་གསང་བའི་མདའ་མོས་གཟེར་ཁ་བསྣུན་པ་བགྲང་ཡས་འདས།།

འདི་ནི་ལས་དབང་སྡུག་པོས་བཀོད་སྒྲིག་ཡིན་ཞེས་མི་ལབ་ཐབས་གཞན་ཅི།།

ས་སྲིབ་ཁྲོད་ནས་མུན་པའི་རི་མོ་ཆུ་བོའི་གཞུང་ལ་སྣ་ཚོགས་བྲིས།།

ལམ་གྱི་མུན་པ་ཞེ་ལ་འཚུབས་པས་མདུན་སྐྱོད་སྒྲ་ལ་སྐྱོ་གླུ་མོད།།

ལྷིང་འཇགས་སྟོང་གི་ཁུགས་སོ་རེ་ནས་ཆར་ཟིལ་འབབ་སྒྲས་སྣང་ཁམས་དཀྲུགས།།

བསིལ་རླུང་འཇམ་པོ་ཞེ་ལ་འཐོགས་པས་སྨུག་སྤྲིན་ལམ་ལ་ཡང་ཡང་འཐེན།།

རྨི་ལམ་དམར་པོའི་འདབ་མ་བཅད་ཀྱང་གདོད་མའི་རྩ་བ་ད་དུང་ལུས།།

འཇིག་རྟེན་སྐྱ་བོས་སྡུག་ཡུས་གྱོན་པའི་ཡིད་མུག་གྲུ་ཆར་འབབ་ཐེངས་རེར།།

རྩ་བ་དེ་ལ་ལོ་འདབ་རྒྱས་ཏེ་རླུང་བུ་ཞིག་གིས་ཡང་ཡང་སྒུལ།།

སྐོམ་པས་གདུང་ཡང་ཆུ་བོ་མ་འཐུང་ཐབས་རྡུགས་དྲགས་པས་ལས་ལ་བརྩིས།།

ཐག་མི་ཆོད་པའི་ལས་ལ་བཅོལ་བས་རེ་བའི་གཙང་ཆུ་རྒྱབ་ནས་བཞུར།།

ལོ་ཟླ་སྟུག་པོའི་ནགས་ཚལ་ཁྲོད་ནས་བསེ་རུ་ཨུ་ཚུགས་ཆེ་བར་སྙམ།།

སེམས་པའི་གཏིང་ན་ཁ་བ་དཀར་པོས་འཁྱགས་ཀྱིས་བསླུས་པའི་ན་ཟུག་འདི།།

བསྐལ་པ་སྟོང་གི་སྔོན་ནས་བསགས་པ་འདི་ནི་ལས་དབང་ངོ་མ་ཞིག།

ང་ནི་ཆུ་བོའི་གཞུང་ལ་གནས་ཀྱང་སྐོམ་པས་གདུང་སྟེ་ཤི་ལ་ཁད།།

སྣང་བྱེད་ཉི་མའི་འོག་ཏུ་བསྡད་ཀྱང་གྲང་བས་སྦྲེབས་ནས་དར་ལ་འཁུམས།།

མེ་ཏོག་མེད་པའི་བྱེ་ཐང་ཞིག་ནས་དྲན་པའི་ཀི་རིང་གནམ་ལ་བཏབ།།

ཉི་འོད་བྲལ་བའི་འཇིག་རྟེན་འདི་ནས་མུན་པའི་གདོང་འབག་ང་ཡིས་གྱོན།།

བསོད་པའི་ཉི་མ་དགུ་འགྱུར་ཤར་ཡང་དྲན་པའི་སྣུམ་ཞག་བཞུ་མི་ནུས།།

སྐྱོ་བའི་བསིལ་ཟེར་འབུམ་ཕྲག་ཚེས་ཀྱང་ཡིད་ཀྱི་མེ་ཏོག་གཏོར་མི་ཐུབ།།

ལོ་ཟླའི་ཁུད་ཀྱི་སྣང་བའི་རི་མོ་ཤར་ལྷོ་ཀུན་ནས་ཡང་ཡང་བྲིས།།

དྲན་པའི་ཀློང་ན་སིམ་པའི་ཁྱེད་ཀྱིས་ང་རང་སྨུག་སྤྲིན་གསེང་དུ་འཐེན།།


  • ལེ་ཚན་སྔོན་མ།:སེམས་སུ་ལྷུང་བའི་སྙིང་ཉེ།
  • ལེ་ཚན་རྗེས་མ།:འདུ་འཛི་དང་ལྷིང་འཇགས།