ཁམས་པ་རབ་དབྱངས། 2021-03-22
ས་སྲོད་དེར་ཁྱོད་རང་མ་མཐོང་ཡང་།
ཞོགས་པ་འདིར་ངས་ཁྱོད་མཐོང་བས།
མཚོ་འགྲམ་དེར་ང་ཡི་ཞེན་ཆགས་བཞག་ཡོད།
དུས་ཚོར་དེར་ཁྱོད་ཀྱི་རྒྱབ་གཟུགས་སྦས་ཡོད།
ཕྱི་རོལ་གྱི་ཁོར་ཡུག་ལ།
རླུང་བུ་དྲག་ཏུ་ལྡང་ཞིང་།
ལུས་སེམས་ཚང་མ་འཁྱག་པར་གྱུར་སོང་།
ཚོགས་དྲུག་གི་སྣང་བ་འགག་ནས་སེམས་ལ་ཁ་བ་བབས་རྗེས།
མ་གཞི་སྐྱོ་སྣང་ནི་དུས་ཚོད་ཀྱི་གོ་རིམ་ཞིག་རེད་འདུག
ཉོན་དང་།
བྱེའུ་ཞིག་ངུ་བཞིན་འདུག།
ལྗོན་ཤིང་གི་ལྷུ་ལག་གསེང་ནས་ངུ་བཞིན་འདུག།
རྣ་ཡི་ཐོས་ལམ་ཞིག་ནས་ངུ་བཞིན་འདུག།
རྒྱང་རིང་ལ་སྨོན་པ་ཁྱེར་ནས་ངུ་བཞིན་འདུག།
དེ་ནི་ཕལ་ཆེར་སྙིང་ཉེ་བའི་མི་ཞིག་གི་ངུ་སྐད་ཡིན་ལ།
དུས་ཚོད་ཀྱི་འཁྱག་གྲང་ཞེ་ལ་ཡོང་རྗེས།ཡ་གིའི་གངས་རི་ལ།
དཀར་གཙང་གི་འོད་མདངས་འཚེར།མ་གིའི་ཆུ་བོ་ལ།
དར་ཁའི་རི་མོ་ཆགས།
དེ་དུས་ནམ་ཟླ་འཁྱག་གྲང་ཡིན་པ་ཤེས་འོང་།
ཁྱེད་ཀྱི་ལུས་སེམས་རྒས་བྱུང་།ཞེ་ནས་སྐྱོ་སྣང་བྱུང་སོང་།
དུས་ཚོད་ལ་བློས་བསླངས་བྱས་རྗེས།
ཁྱེད་ཀྱི་ལུས་སེམས་རྒས་གཉེར་དག།
ང་ཡི་དྲན་གདུང་གི་མིག་ཆུས་བྲིས།
ཉིན་མོ་དེར།
ལྷིང་འཇགས་ཀྱི་ཤིང་ཁང་དུ།རླུང་བུ་ཡི་ཞེ་སེམས་སྐྱོམ་ཞིང་།
སྐྱོ་གདུང་གི་ནམ་ཟླ་དྲན་ལ།
སྐབས་འདིར།
གཙང་ཆུ་དང་མཚོ་མོ་ཡོད་ཚད་འཁྱག་གིས་བསྡམས་ཤིང་།
རི་བོ་མཐའ་དག་ཁ་བས་བཀླུབས་པས།
ངལ་དུབ་ཀྱི་སྐྱོ་གཞས་ལ།ཤུགས་རིང་འཁོར་ཡོང་།
དེ་ནི་རླུང་བུ་ལྡང་ཚུལ་དང་།
ཁྱེད་ཀྱི་ངང་ཚུལ་རེད།
ངས་རང་ཉིད་ས་མཐར་བཞག་ནས།
ཁྱེད་ཀྱི་ཚེ་ལམ་རིང་མོར།མནོ་བསམ་བཏང་།
མནོ་བསམ་ཡང་ཡང་བཏང་རྗེས།འུ་གཉིས་ཀྱི་བར་ཐག་སླད་དུ།
ཁྱོད་དང་འབྲེལ་བའི་སྙན་ངག་ཅིག་བྲིས་ལ།
དེ་ནི་མེ་ཏོག་གཅིག་ཡིན།
སྟོན་མཇུག་ལ་བཏུས་པའི་མེ་ཏོག་གཅིག་ཡིན།
རྩོམ་གསར། 10