ཞེ་ཐག་མ་ཆོད་པའི་སྙན་ངག

གཞི་ཚང་ཟླ་བ་གྲགས་པ།        2021-03-19

ལས་ནི་དགུང་ལ་གནས་པའི་ཉི་མ་བཞིན།།

ལན་རེར་གསལ་ལ་སྐབས་རེར་མོག་པོར་གྱུར།།

སང་ཉིན་གྲང་ངམ་དྲོ་མིན་རྒྱུས་མེད་པས།།

མཐའ་མེད་ཡིད་གཉིས་ཟ་མཁན་ང་རང་ངོ་།།

ནམ་ཕྱེད་སྐར་མ་མུན་པའི་མཚམས་སུ་གནས།།

སྒོ་ཁྱི་ཟུག་སྐད་རྣ་བར་གཟེར་ཏེ་འོང་།།

ཐུན་གསུམ་ཞིང་ན་ཁྱེད་ཀྱིས་རྨི་ལམ་སྒུག།

དོན་མེད་ར་བར་འཕྱར་མཁན་ང་རང་ངོ་།།

བྱ་བྱེའུ་མཐའ་དག་གཉིད་ཀྱི་བདེ་བ་བསྔལ།།

གློག་འོད་དག་ཀྱང་འགའ་ལས་མོག་པོར་གྱུར།།

དྲོད་མོའི་སྟེགས་སུ་ཁྱེད་ཀྱིས་ཤུབ་གཏམ་སྨྲ།།

གཟེབ་མིག་གསེང་ནས་ལྟ་མཁན་ང་རང་ངོ་།།

གཙང་ཆུ་རིང་མོ་ཀྱག་ཀྱོག་འཕྲང་ནས་བཞུར།།

མགུ་བའི་ཚོར་བ་སྔ་ཕྱིར་སྐྱེ་ཐབས་བྲལ།།

རང་གཞན་ཡུལ་ན་ཁྱེད་ཀྱིས་དགའ་བདེ་སྤུངས།།

སྐྱོ་བའི་ཤུགས་གླུ་ལེན་མཁན་ང་རང་ངོ་།།

ཨ་ཆེན་ཐང་ལ་འཇམ་པའི་མེ་ཏོག་འཛུམ།།

ཞིབ་ཏུ་བརླག་ན་དིར་དིར་གླུ་སྐད་ཐོས།།

རི་ཡི་གཤོང་ལ་ཁྱེད་ཀྱིས་གཞིས་སྒར་བཙུག།

ཨུ་ཚུགས་སྒང་ལ་བཅས་མཁན་ང་རང་ངོ་།།

ཕྱི་དང་ནང་ལ་སྣང་བའི་ལྟད་མོ་རྒྱས།།

སྙན་པའི་གླུ་གཞས་ཁྱེད་ཀྱིས་དལ་བུར་འཐེན།།

ཟུར་ནས་མཉན་པ་ལས་ཀྱིས་བསྐལ་པ་ཡི།།

རྣ་གཤོག་གྲུ་གསུམ་མཁན་དེ་ང་རང་ངོ།།

ལོ་ཟླ་འདི་དག་དགུན་གྱི་གནམ་ངོ་བཞིན།།

ཞེ་རྩ་དྲོས་པའི་སྣང་བ་འགག་ནས་འདུག།

བོད་ཐབ་འགྲམ་དུ་ཁྱེད་ཀྱིས་མེ་འོད་རོལ།།

དར་གཏིང་འབྱར་བའི་རྡུལ་ཕྲན་ང་རང་ངོ་།།

ལ་དང་རི་ལ་སྨུག་པའི་གྲོང་ཁྱེར་ཆགས།།

ལུང་དང་ཐང་ལ་རྡུལ་གྱི་ཀ་བ་འགྲེང་།།

ནགས་ཀྱི་ཁུད་ན་ཁྱོད་ཀྱིས་མེ་ཁ་གསོ།།

ཀྱེ་མ་ད་ནི་བདག་གིས་ཅི་ཞིག་བསྒྲུབ།།


  • ལེ་ཚན་སྔོན་མ།:སྣང་བའི་ངོགས་ཀྱི་དུས་བཞིའི་མེ་ཏོག
  • ལེ་ཚན་རྗེས་མ།:སེམས་སུ་ལྷུང་བའི་སྙིང་ཉེ།