སྣང་བའི་ངོགས་ཀྱི་དུས་བཞིའི་མེ་ཏོག

སད་མ།        2021-03-19

—ཉི་མ་དཔལ་མོ་ལ་ཕུལ་བ།

ཨ་ཅེ་འཁོར་བའི་རི་ནས་ལྷིང་འཇགས་ཤེས་པའི་ཨ་ཅེ།།

ཨ་ཅེ་བས་མཐའི་ཚལ་ནས་གུ་ཡངས་བྱེད་པའི་ཨ་ཅེ།།

ཨ་ཅེ་གཞུང་ལུགས་ཁྲོད་ནས་བདེ་སྐྱིད་འཚོལ་བའི་ཨ་ཅེ།།

ཨ་ཅེ་མི་ཚེའི་རྐང་ལམ་ཆོས་ལ་ཕྱོགས་པའི་ཨ་ཅེ།།

ཨ་ཅེ་སྣང་བའི་མེ་ཏོག་འདབ་མ་གྲོལ་བའི་ཨ་ཅེ།།

ཨ་ཅེ་རིག་པའི་ནམ་མཁའ་ཤིན་ཏུ་དྭངས་བའི་ཨ་ཅེ།།

ཨ་ཅེ་སྲིད་པའི་ཟླ་ཐལ་དགུང་ལ་མཛེས་པའི་ཨ་ཅེ།།

ཨ་ཅེ་གདོང་དམར་བུ་མོ་རིགས་གཞུང་འཛིན་པའི་ཨ་ཅེ།།

ཨ་ཅེ་ལས་ཀྱི་འཇའ་ཚོན་མིག་ལ་སྡུག་པའི་ཨ་ཅེ།།

ཨ་ཅེ་ཀུ་དའི་ལང་ཚོ་ཟླ་བས་ལེན་པའི་ཨ་ཅེ།།

ཨ་ཅེ་རྩྭ་ཐང་བདས་པའི་ཕྱེ་ལེབ་འདྲ་བའི་ཨ་ཅེ།།

ཨ་ཅེ་གཙང་བོའི་འགྲམ་གྱི་ཟིལ་བ་འཐུང་བའི་ཨ་ཅེ།།

ཨ་ཅེ་གཙང་བོ་དྭངས་མོ་སྙན་པ་སྒྲོག་པའི་ཨ་ཅེ།།

ཨ་ཅེ་བ་ཀུའི་མེ་ཏོག་ཁ་ཕྲུས་དགོད་པའི་ཨ་ཅེ།།

ཨ་ཅེ་ཤང་དྲིལ་སོ་མའི་བསུང་ངད་ལྡང་བའི་ཨ་ཅེ།།

ཨ་ཅེ་ཆུ་འཛིན་དཀར་པོ་གདུང་བ་སེལ་བའི་ཨ་ཅེ།།

ཨ་ཅེ་མཚོ་ཁའི་ངང་ཆུང་དབྱངས་སྙན་གྱེར་བའི་ཨ་ཅེ།།

ཨ་ཅེ་རྫ་རིའི་གོང་མོ་འགྱུར་སྐད་མོད་པའི་ཨ་ཅེ།།

ཨ་ཅེ་གཞན་གསོས་བུ་མོ་རྣ་དབང་གསོ་བའི་ཨ་ཅེ།།

ཨ་ཅེ་དཔྱིད་ཀྱི་དཔལ་ཡོན་ལང་ཚོ་བསུ་བའི་ཨ་ཅེ།།

ཨ་ཅེ་དྲི་བཞོན་བུ་མོ་ཤག་ཤག་བསིལ་བའི་ཨ་ཅེ།།

ཨ་ཅེ་སྲིད་པའི་མགུར་གླུ་འཇེབས་ཤིང་སྙན་པའི་ཨ་ཅེ།།

ཨ་ཅེ་རྨ་བྱའི་གཤོག་སྒྲོ་ཐིག་ལེ་མཚུངས་པའི་ཨ་ཅེ།།

ཨ་ཅེ་དཔྱིད་ཀའི་ལྗོན་པ་ཡལ་འདབ་ལྷུག་པའི་ཨ་ཅེ།།

ཨ་ཅེ་མུ་ཏིག་སྦྲང་ཆར་སྙིང་ལ་འཐོར་བའི་ཨ་ཅེ།།

ཨ་ཅེ་བཙན་པོའི་ལོ་རྒྱུས་ཐང་མར་བརྡལ་བའི་ཨ་ཅེ།།

ཨ་ཅེ་དཔའ་བོའི་སྙིང་སྟོབས་གླེང་མཚམས་བྲལ་བའི་ཨ་ཅེ།།

ཨ་ཅེ་མཛངས་མའི་ཡོན་ཏན་བརྩི་མཐོང་ཟབ་པའི་ཨ་ཅེ།།

ཨ་ཅེ་དཔེ་ཆ་ཆུང་ཆུང་ཤེས་བྱ་འབེལ་བའི་ཨ་ཅེ།།

ཨ་ཅེ་སློབ་མ་ཆུང་ཆུང་བློ་གྲོས་ཡངས་པའི་ཨ་ཅེ།།

ཨ་ཅེ་འབྲི་སྨྱུག་ཆུང་ཆུང་ཡིད་ཁམས་སྐྱོམ་པའི་ཨ་ཅེ།།

ཨ་ཅེ་མེ་ཏོག་ཆུང་ཆུང་འཇིག་རྟེན་མཛེས་བྱེད་ཨ་ཅེ།།

ཨ་ཅེ་བརྩོན་པའི་མེ་ལྕེ་ཐོགས་རྡུགས་མེད་པའི་ཨ་ཅེ།།

ཨ་ཅེ་ཀུན་སྤྱོད་བཟང་པོ་ཀུན་དང་མཐུན་པའི་ཨ་ཅེ།།

ཨ་ཅེ་དགེན་གྱི་གཅེས་ཕྲུག་གཅེས་ནས་དར་བའི་ཨ་ཅེ།།

ཨ་ཅེ་ནུ་བོའི་རེ་བ་རྟག་པར་འཛིན་པའི་ཨ་ཅེ།།

ཨ་ཅེ་སྐད་ཡིག་འཇིག་དུས་སྲུང་བཞིན་སློབ་པའི་ཨ་ཅེ།།

ཨ་ཅེ་མི་རིགས་ཤིག་གི་མེལ་ཚེ་བྱེད་པའི་ཨ་ཅེ།།

ཨ་ཅེ་མེས་པོའི་གཅེས་ནོར་ནོར་ངོས་ཟིན་པའི་ཨ་ཅེ།།

ཨ་ཅེ་ཁ་བ་ཅན་ལ་འཁྲེང་སེམས་ཟབ་པའི་ཨ་ཅེ།།

ཨ་ཅེ་ཕ་མའི་རེ་འདུན་སྙིང་ལ་འཆང་བའི་ཨ་ཅེ།།

ཨ་ཅེ་རིགས་ཀྱི་ལ་རྒྱ་ཁུ་ཚུར་མིན་པའི་ཨ་ཅེ།།

ཨ་ཅེ་སྒང་པ་བོད་ཀྱི་རང་གཤིས་བཟུང་བའི་ཨ་ཅེ།།

ཨ་ཅེ་གནའ་བོའི་སྲོལ་རྒྱུན་བླང་དོར་ཤེས་པའི་ཨ་ཅེ།།

ཨ་ཅེ་འཛུམ་པའི་ལང་ཚོ་ཀུན་ཡིད་དགའ་བའི་ཨ་ཅེ།།

ཨ་ཅེ་བྱམས་པའི་འོ་མ་ངད་ཁ་ཐུལ་བའི་ཨ་ཅེ།།

ཨ་ཅེ་བརྩེ་བའི་མེ་ཏོག་བསུང་ཞིམ་ལྡང་བའི་ཨ་ཅེ།།

ཨ་ཅེ་འབྲོག་གི་སྨད་ཤར་དབྱངས་གསལ་རྡོལ་བའི་ཨ་ཅེ།།

ཨ་ཅེ་མཁུར་ཚོས་ཀུ་ཤུ་མདོག་ལས་གསལ་བའི་ཨ་ཅེ།།

ཨ་ཅེ་ཚེམས་དཀར་དུང་གི་ཁུ་བ་འཕོས་པའི་ཨ་ཅེ།།

ཨ་ཅེ་ཁ་ཆུང་པདྨའི་འདབ་མ་བཞད་པའི་ཨ་ཅེ།།

ཨ་ཅེ་རི་དྭགས་སྐྲག་མིག་གཟི་ཁྲའི་མདོག་ལྡན་ཨ་ཅེ།།

ཨ་ཅེ་ཤོག་དཀར་རིང་མོར་སྙན་ངག་འབྲི་བའི་ཨ་ཅེ།།

ཨ་ཅེ་སྨྱུག་ཁའི་མཚར་ཁ་ཧ་ཅང་མཛེས་པའི་ཨ་ཅེ།།

ཨ་ཅེ་ཚོར་བའི་ལྷ་མོ་མཉེན་གཤིན་ཟབ་པའི་ཨ་ཅེ།།

ཨ་ཅེ་སྲིད་པའི་རྡོ་བ་གཡུང་དྲུང་འཁྱིལ་བའི་ཨ་ཅེ།།

ཨ་ཅེ་འཆད་པའི་སྒྲ་དབྱངས་ཆོས་དོན་སྒྲོག་པའི་ཨ་ཅེ།།

ཨ་ཅེ་རྩོད་ངག་ཐལ་སྒྲས་ལོག་སྨྲ་སྐྱེངས་པའི་ཨ་ཅེ།།

ཨ་ཅེ་རྩོམ་པའི་ངག་རིག་འདོད་དགུར་སྒྱུར་བའི་ཨ་ཅེ།།

ཨ་ཅེ་ལུང་རིགས་གློག་དམར་མཁའ་ལ་འཕྱོ་བའི་ཨ་ཅེ།།

ཨ་ཅེ་སྦྲ་ནག་ཚང་གི་སྣུམ་འོད་འཚེར་བའི་ཨ་ཅེ།།

ཨ་ཅེ་སྲིད་པའི་གངས་རྒན་མེ་ཁ་གསོ་བའི་ཨ་ཅེ།།

ཨ་ཅེ་གཞན་ཕན་སྤྲིན་དཀར་ཕྱོགས་སུ་སྐྱོང་བའི་ཨ་ཅེ།།

ཨ་ཅེ་བདེ་དགའི་གྲུ་ཆར་ཤིན་ཏུ་འབབ་པའི་ཨ་ཆེ།།

ཨ་ཅེ་མར་རྩམ་དྲི་བཟང་ལུས་ལ་བྲོ་བའི་ཨ་ཅེ།།

ཨ་ཅེ་འོ་མའི་སྟིམ་སྒྲས་གཉིད་ལས་བསླངས་པའི་ཨ་ཅེ།།

ཨ་ཅེ་ཀ་ཁའི་དབྱངས་རྟའི་བྱིན་རླབས་བསྣམས་པའི་ཨ་ཅེ།།

ཨ་ཅེ་མཆོད་མེ་རྐང་གཅིག་མདུན་ལམ་གསལ་བའི་ཨ་ཅེ།།

ཨ་ཅེ་བཟང་དྲུག་སྨན་སྣའི་བཅུད་ཐིགས་ཟག་པའི་ཨ་ཅེ།།

ཨ་ཅེ་སྨིན་དྲུག་སྐར་ཆེན་འཛུམ་འོད་འཚེར་བའི་ཨ་ཅེ།།

ཨ་ཅེ་ཕྱིན་དྲུག་ལས་ལ་བརྩོན་པ་ཟབ་པའི་ཨ་ཅེ།།

ཨ་ཅེ་རྐང་དྲུག་བུང་བ་གཤོག་གླུ་ལེན་པའི་ཨ་ཅེ།།

ཨ་ཅེ་འཛུམ་པའི་མཁུར་ཚོས་ཡིད་དུ་སྦྲེལ་བའི་ཨ་ཅེ།།

ཨ་ཅེ་འཛུམ་པའི་ཚེམས་ཕྲེང་ཤེལ་དཀར་བྲན་པའི་ཨ་ཅེ།།

ཨ་ཅེ་འཛུམ་པའི་ཞལ་ཁྱིམ་མཐིང་ཟླར་འཕོས་པའི་ཨ་ཅེ།།

ཨ་ཅེ་འཛུམ་པའི་མི་ཚེ་སྙིང་ལས་བཏོན་པའི་ཨ་ཅེ།།

ཨ་ཅེ་མེས་པོ་ཞིག་གི་དན་རྟགས་འོས་པའི་ཨ་ཅེ།།

ཨ་ཅེ་མི་རིགས་ཤིག་གི་མགྲིན་ཚབ་འོསཔའི་ཨ་ཅེ།།

ཨ་ཅེ་སྐད་ཡིག་ཅིག་གི་བདག་མོར་འོས་པའི་ཨ་ཅེ།།

ཨ་ཅེ་ཕ་ཡུལ་ཞིག་གི་མགོ་རྣ་མཚོན་པའི་ཨ་ཅེ།།


  • ལེ་ཚན་སྔོན་མ།:འཆི་བ།
  • ལེ་ཚན་རྗེས་མ།:ཞེ་ཐག་མ་ཆོད་པའི་སྙན་ངག