​སྒྲ་ལ་ཁེན་པའི་སྨིག་རྒྱུ།༼ ཞར་བཀོད་གཅིག༽

གངས་འཁྱམ་གསར་བུ།        2021-03-17

མོའི་གཏིང་རིང་བའི་མིག་ཀོང་ནང་།

ཁྱོད་རང་ཤོག་བུ་བཞིན་དུ་བདས།

བཙས་མ་ཐག་པའི་གཅེར་བུ་དེས།

བསྐལ་བ་སྟོང་གིས་མ་ཐེག་པའི་གཅོང་སྐད།

ལྷུང་བཟེད་ལྟ་བུའི། ཁྱོད་ཀྱི་བྱང་ཁོག་གི

སྒྲོམ་བུའི་ནང་དུ་སྦས།

ལེགས་བཤད་ཀྱི་ཐི་གུས་བཀྱིགས་པའི།

སྲིན་པོ་རྣམས་འཕག་འཚག་བརྒྱབ།

རྐང་གླིང་གི་བུ་ག་ནས་བརྡོལ་འོང་བའི།

གར་མཁན་གྱི་མེ་ལོང་རྒྱང་དུ་བསྐྱུར།

མེ་ལོང་མེད་ན། ངོ་གདོང་མེད།

གཟུགས་མེད་ན། མཛེས་སྡུག་མེད།

ཁོའི་སྨུག་ལོང་འཁྲིགས་པའི་ལམ་ཕྲན་སྦུགས་སུ།

རྣམ་ཤེས་ཀྱི་གྲིབ་མ་མང་པོ་ཤི་འཐབ་རོ་འཐབ་ཀྱིས།

བདག་གིར་བཟུང་བའི། ཆོས་ཉིད་ག་ཤེད་ཅིག་ལ་ངོ་རྒོལ་བྱེད།

བདུད་རྩི་ཕྲུམ་ཕྲུམ་དུ་བཞུར་བའི།

རྒས་ཤིང་འཁོགས་པའི་ལུས་ཕུང་།

གན་རྐྱལ་དུ་འདུག་ཚེ།

མྱགས་སོང་བའི་རྡོ་བ་འདྲ།

རྡོ་བའི་དུས་གསུམ་ལ་བསྒོམས་ཚེ།

བཞུ་མ་ཐུབ་པའི་ཆང་དམ་བི་གང་།

ཆང་ལ་འཁོར་མཁན།

འདོད་སྲེད་ཀྱི་སྐྱེས་པའོ།།

གཅེར་བུ།

འཇིག་རྟེན་གྱི་མིག་ཟུང་ཡོད་དོ་ཅོག།

མཚན་མོའི་དངོ་རུ་བསྐུངས་ཤིང་།

ལོག་སྤྱོད་རྣམས་བད།

མཆོད་མེའི་ཀོང་བུར།

ཀེར་ཀེར་གྱི་ཡིག་འབྲུ་དམྱལ་བར་བསྟིམས།

གདོད་མ་ནས་གཉོམ་ལག་རྒྱས་པའི།

མི་འཇིག་པའི་འོད་ཀྱི་བདུད་རྩི།

རྒས་པོའི་ཐོད་རུས་ནས་བཞུར་ཅིང་།

ས་གཞིའི་མངལ་དུ་སྦྲུམ།

ནམ་ཞིག ང་ཚོ་སད་རན་དགོས།

རྟོག་བཏགས་ཀྱི་གཤོག་རུ། མེ་ལོང་ལ་ལོབས་ཤིང་།

སྙིང་། སྙིང་དམར་པོ། སྒོ་ཟྭ་བཙན་པའི།

ཤ་ཁྲག་ལས་གྲུབ་པའི་གཟེབ་སྣོད། ཐར་བ་ལས་བྲལ་དཀའ།

ང་ཚོ་གཅེར་བུ་ཡིན་དགོས།

འདོད་པ། བརྩེ་དུང་། གཉུག་གཤིས། རྣམ་ཤེས། འཚོ་བ།

ནམ་ཡིན་ཡང་། གཅེར་བུ་ཡིན་དགོས།

གཅེར་བུ་ནི་རྟོགས་སད་དེ།

མཐར་གཏུགས་ཀྱི་སངས་རྒྱས་སོ།།


  • ལེ་ཚན་སྔོན་མ།:གངས་ཅན་མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མའི་རྗེས་དྲན་དུ་ཕུལ་བའི་དད་རྟེན་ངག་གི་རོལ་རྩེད།
  • ལེ་ཚན་རྗེས་མ།:འཆི་བ།