གངས་ཅན་མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མའི་རྗེས་དྲན་དུ་ཕུལ་བའི་དད་རྟེན་ངག་གི་རོལ་རྩེད།

གངས་ཟེགས།        2021-03-17

ཇི་ལྟ་ཇི་སྙེད་མཁྱེན་པ་ཡིས།།

ཆོས་རྣམས་རང་བཞིན་ཀུན་རྟོགས་པ།།

རྟེན་ཅིང་འབྲེལ་འབྱུང་གཟིགས་མཛད་པའི།།

སྟོན་མཆོག་ལ་ནི་གུས་པས་བཏུད།།

རྒྱལ་ཀུན་མཁྱེན་པའི་དབང་བོ་ཡི།།

ཡོན་ཏན་ཆ་ཙམ་བསྟོད་པར་བྱ།།

འཇམ་དབྱངས་གར་གྱི་རྣམ་རོལ་ཏེ།།

བློ་བཟང་རྒྱལ་བ་དགྱེས་གྱུར་ཅིག།

རབ་དཀར་ཆུ་འཛིན་པད་མའི་འདབ་སྟོང་སྟེང་།།

དགྱེས་པའི་ཞལ་ཁྱིམ་ཉ་རྒྱས་འཛུམ་པ་ཅན།།

མཚལ་མདོག་ཆོས་གོས་དཀྲིས་པའི་མདངས་བཟང་བ།།

ལྟ་བའི་མོད་ལ་དང་བ་འབུམ་འགྱུར་འདྲེན།།

གསེར་མདོག་འཁུ་བའི་པཎ་ཞྭས་རབ་མཛེས་ཤིང་།།

པིར་གྱིས་བྲིས་ལྟར་སྨིན་མ་གནག་ཅིང་འཁྱུད།།

སྤྱན་དཀྱུས་རིང་བར་རྒོད་པོས་གཤོག་བརྐྱངས་པས།།

རིན་ཆེན་གཟི་ཡི་སྤྱན་ལ་ཅུང་ཟད་གབ།།

དཀར་འཇམ་དྲི་བྲལ་པགས་པའི་མདོག་གསལ་ཞིང་།།

ཞོ་གསར་འོད་འཁྱུག་བཀྲག་མདངས་བྱིན་ཆགས་སུ།།

རིམ་པར་འཚམ་ཞིང་མཐོ་བའི་ཤངས་གཙང་སྟེ།།

བིམྤ་ལྟར་དམར་ཞལ་དང་བཅས་པར་སྡུག།

བཞི་བཅུའི་ཐགས་བཟང་བསྒྲིཊ་ལེགས་རབ་བཀྲ་བ།།

དཀར་མཛེས་མུ་ཏིག་ཕྲེང་ལ་བརྒྱུས་པ་ལྟར།།

ཅུང་ཟད་དགྱེས་པའི་འཛུམ་པ་དང་གྲོལ་བས།།

འགྲམ་པ་ལ་ནི་ཟླུམ་རྒྱས་དཔལ་ལ་སྒེག།

བུམ་པའི་མགྲིན་ལྟར་དྲང་བས་འཁྲི་ཤིང་བཞིན།།

ཕྲག་པ་མཉམ་ཞིང་ན་བཟས་བཀླུབས་པ་ཡིས།།

གསེར་གྱི་ལྷུག་པོར་དར་གྱིས་དཔྱངས་འདྲ་ལ།།

ཆུ་སྐྱེས་འདབ་ལྟར་ཕྱག་རྒྱ་ཐུགས་ཀར་བཞད།།

གཡས་ཀྱི་ཕྱག་ལ་དཀར་དམར་པད་གདན་སྟེང་།།

མཁྱེན་རབ་རལ་གྲིས་དངོས་འཛིན་དྲ་བ་སྟེ།།

རབ་ཏུ་གཅོད་བྱེད་རབ་རྣོ་མེ་འབར་བ།།

བསྣམས་པའི་དཔལ་གྱིས་བརྒྱན་པ་ཨེ་མ་རྨད།།

ཇི་བཞིན་དགོངས་དོན་གསལ་བར་མཛད་པ་ཡི།།

ཆོས་ཀྱི་གླེགས་བམ་གཡོན་པའི་ཕྱག་ལ་ནི།།

འཛིན་པ་ཉིད་ནི་མ་ལུས་འགྲོ་བ་ལ།།

ཞི་སྒོ་གཉིས་མེད་རྟེན་འབྲེལ་བསྟན་པར་བསྟོད།།

༡༠

མཚམས་སྤྲིན་སྤུང་ལྟར་སྐུ་སྟོད་རབ་བརྗིད་ལ།།

དམ་ཞིང་བསྡམས་པའི་སྐེད་སྐབས་ལེཊ་མཛེས་ཏེ།།

ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཞུགས་ཤིང་།།

ཞབས་ཀྱི་མཐིལ་ཡང་པད་མའི་མདོག་ལྟར་ལེགས།།

༡༡

རིན་ཆེན་སྟོང་དང་གདུང་ལྔའི་ཁྲི་འཕང་དུ།།

དངུལ་དཀར་འབྱིལ་འདྲའི་པད་གདན་ཡངས་པའི་ཁར།།

འཇམ་མགོན་གསེར་མདོག་བྱེ་བས་འཁྱུག་པ་ལ།།

བདག་མིག་ལོངས་སྤྱོད་དལ་ཅིག་མ་བྲལ་ཅིག།

༡༢

འགག་མེད་གསུང་དབྱངས་དབྱར་གྱི་རྔ་གསང་བཞིན།།

རྨོངས་པའི་བྲག་ལ་འཇོམས་པའི་གནམ་ལྕགས་ཐོག།

གདུལ་བྱའི་སྐལ་ལ་བསྩལ་བའི་གསུང་གི་ཆར།།

མ་ལུས་ས་ཆེན་ཀུན་ལ་འཇོ་བར་བསྟོད།།

༡༣

སྙན་པའི་རྩེར་ཕུད་ཚངས་པའི་གླུ་དབྱངས་ལ།།

རྒྱུད་མངས་སྟོང་གི་སྒྲ་ཡིས་རམ་འདེགས་ཤིང་།།

འཇམ་མགོན་གང་གི་གསུང་བའི་ཆ་ཙམ་ལ།།

འགྲན་པར་སྙམ་ན་འཁྲུལ་བའི་སྣང་བ་ཉིད།།

༡༤

དྲུག་ཅུའི་དབྱངས་ལྡན་སྙན་འཇེབས་ཁྱོད་གསུང་ལ།།

རྟེན་འབྲེལ་དགོངས་དོན་བདེ་བླག་ངེས་པའི་ཚིག།

ཟབ་རྒྱས་གཞུང་དོན་རྨོངས་པའི་བློ་དམན་པར།།

ཡིད་ཀྱི་དུབ་པ་སེལ་བའི་ངལ་གསོའི་གླུ།།

༡༥

ཤང་ཤང་ཏེའུ་དང་ཀ་ལ་པིངྐའི་དབྱངས།།

སྒྲ་འཛིན་སིམ་ཡང་ལེགས་ཉེས་དོན་གྱིས་སྟོངས།།

མ་དག་ཐར་ལམ་སྟོན་པའི་སྙན་ངག་སྟེ།།

ཁྱོད་གསུང་ཉིད་ལས་གཞན་རྣམས་མ་མཆིས་སོ།།

༡༦

རྒྱལ་དང་རྒྱལ་སྲས་གསུང་རབ་མ་ལུས་པ།།

ཇི་བཞིན་དགོངས་པ་རིགས་པས་གཏན་འབེབས་ཤིང་།།

ལེགས་བཤད་གཞོན་ནུ་སྒེག་མོའི་སྐུ་ལུས་ལ།།

སྙན་ངག་རིན་ཆེན་སྤྲས་པ་ཁྱོད་ལས་སུ།།

༡༧

ཕུལ་བྱུང་ལེགས་བཤད་རིན་ཆེན་གཏེར་གྱི་མཆོག།

མཁའ་ཡི་ཚད་དང་རྒྱ་མཚོའི་གཏིང་མཐའ་ལྟར།།

སྐལ་ལྡན་འགྲོ་བའི་སྐལ་དུ་བསྩལ་ལེགས་པ།།

ཁྱོད་གསུང་དགོས་འདོད་འབྱུང་བའི་དཔག་བསམ་ཤིང་།།

༡༨

མཁྱེན་བརྩེ་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།།

སྙན་གྲགས་སྲིད་གསུམ་འདར་བའི་འབྲུག་སྒྲ་གཅས།།

ལེགས་གསུང་ཆོས་ཀྱི་སྦྲང་ཆར་རབ་གཏོར་བས།།

ངུར་སྨྲིག་ཆུ་སྐྱེས་ཚོགས་རྣམས་རྣམ་པར་བསྐྱངས།།

༡༩

གཞོན་ནུའི་དུས་ནས་ཐོས་པའི་ཆུ་རྒྱུན་གྱིས།།

གསུང་གི་མཛད་པ་མཐའ་ཡས་རྒྱ་མཚོའི་ཚད།།

གཞལ་ན་མི་དཔོགས་གངས་རིའི་ཁྲོད་འདི་ལ།།

ཚིམ་པ་མེད་པར་གཏམས་ལ་ཤིན་ཏུ་བསྔགས།།

༢༠

བདག་ལྟར་བློ་དམན་བློ་ཡི་རོ་འཛིན་ལ།།

གང་གསུང་བདུད་རྩིའི་མཚོ་ཡི་ཆུ་ཐིགས་ཙམ།།

བགོས་ན་མ་རིག་སྐོམ་གདུང་ཀུན་སེལ་བས།།

གསུང་གི་ཆར་གྱིས་འབྲལ་མེད་བརླན་གྱུར་ཅིག།

༢༡

ཀུན་གསལ་མེ་ལོང་སྟོང་གིས་མི་དཔོག་ཅིང་།།

རྒྱ་མཚོའི་གོས་ཅན་མཐའ་ཡས་ཁེབས་མ་ཡིན།།

ཁྱེད་ཐུགས་མཁྱེན་བརྩེ་འདི་ཡི་མཚུངས་ཟླ་ནི།།

འཇིག་རྟེན་གང་དུ་རྙེད་པར་མ་མཆིས་སོ།།

༢༢

དམིགས་མེད་ཐུགས་རྗེ་འགྲོ་ལ་ཉི་མའི་གཉེན།།

མ་རིག་གདུང་བའི་མུན་པ་རབ་བསལ་ཏེ།།

འགྲོ་ཀུན་བློ་མིག་དང་བའི་འདབ་བརྒྱ་ཅན།།

ཁ་བ་ཅན་དུ་ཁྱེད་རྗེས་མངོན་པར་བཞད།།

༢༣

རྟེན་འབྲེལ་ཆོས་ཉིད་ཟབ་མོའི་རང་གཟུགས་དེ།།

རྡུལ་གྱི་གཡའ་དག་ཤེལ་གྱི་མེ་ལོང་དུ།།

ཇི་ལྟ་ཇི་ལྟར་གསལ་བའི་ཡེ་ཤེས་ཏེ།།

འཇམ་མགོན་ཁྱེད་ལས་གཞན་ལ་མ་ཡིན་ནོ།།

༢༤

སྲིད་པའི་བདེ་དགའི་ཚ་བས་མ་གདུང་ཞིང་།།

མ་དག་འདམ་གྱི་དྲི་མས་མ་སྦགས་པར།།

ཕྱིན་དྲུག་བརླན་གྱིས་རྩ་བ་མ་བྲལ་བའི།།

ཁྱེད་ཐུགས་པད་དཀར་ཁ་བའི་ཞིང་ལ་འཁྲུངས།།

༢༥

ཇི་ལྟར་ཉིན་བྱེད་མཁའ་ལ་ཤར་བའི་ཚེ།།

འདྲེན་བྱེད་སྣང་བའི་ཆོས་རྣམས་ཀུན་མཐོང་ལྟར།།

རྒྱལ་བའི་གསུང་དོན་ཟབ་མོའི་གནད་དག་ལ།།

ཁྱེད་ཀྱི་མཁྱེན་པ་མཐོང་བའི་སྣང་བྱེད་ཉིད།།

༢༦

མ་རིག་གཅོང་རོང་འགྲིམ་པའི་སྐྱེ་དགུའི་ཚོགས།།

ལོང་བའི་ཕ་མར་བུ་ཡི་དམིགས་བུ་བཞིན།།

འཇིག་རྟེན་རྒུད་པའི་རྩ་བ་ལེགས་བསྟན་པ།།

མཁྱེན་བརྩེ་ནུས་པའི་ལེགས་ཚོགས་ས་གསུམ་ཁྱབ།།

༢༧

དཔལ་ལྡན་མཁྱེན་པའི་ཚ་ཟེར་རབ་སྤྲོས་ཤིང་།།

དགེ་ལེགས་དཔལ་གྱི་དཀྱིལ་འཁོར་ཡོངས་རྫོགས་པའི།།

བརྩེ་ཆེན་ཟེར་གྱིས་མཁའ་མཉམ་འགྲོ་བ་ཀུན།།

མ་ལུས་ཐར་བའི་ལམ་བཟང་གསལ་བར་བགྱིས།།

༢༨

གང་གི་ཡོན་ཏན་ཆུ་གཏེར་བྱེ་བ་ལས།།

ཉིད་ཀྱིས་བསྔགས་པའི་ཟིལ་བའི་ཆ་ཙམ་གྱི།།

དགེ་བས་འགྲོ་ལ་སྐལ་བཟང་ལེགས་ཚོགས་ཏེ།།

རྗེ་བཙུན་བླ་མས་རྟག་ཏུ་སྐྱོང་བར་ཤོག།


  • ལེ་ཚན་སྔོན་མ།:མིག་མཐའི་རི་མོ།
  • ལེ་ཚན་རྗེས་མ།:​སྒྲ་ལ་ཁེན་པའི་སྨིག་རྒྱུ།༼ ཞར་བཀོད་གཅིག༽