སེམས་ཀྱི་ལྷུན་པོ་ལས་བརྡོལ་བའི་གཏམ་ངག་རིགས་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ།

གནུབས་རྒྱལ་མཚན།        2021-03-15

མི་འཇིགས་སེང་གེ་དཀར་མོའི་གཡུ་རལ་གྱི།།

སྤོབས་པའི་གད་རྒྱངས་སྒྲོག་པའི་བདེན་སྟོབས་ཀྱིས།།

གངས་ཀྱི་གཟི་བྱིན་མངོན་པའི་སྡེར་ལྕགས་རྒྱལ།།

ལ་རྒྱའི་དར་ཆ་བསྒྲེངས་པའི་རྒྱལ་མཚན་འཛིན།།

མུན་པའི་གྲོང་ཁྱེར་མཐུག་པོའི་མཁའ་ཀློང་གི།།

རྨོངས་འཇོམས་མུན་པ་སེལ་བའི་སྒྲོན་མེ་ཆེན།།

འཁོར་འདུས་བློའི་དྲྭ་འབྱེད་པའི་སྙིང་གི་ལྷ།།

བདེ་སྡུག་ཁུར་དུ་བཞེས་པའི་ངུར་སྨྲིག་འཛིན།།

གཞི་གསུམ་ལག་ལེན་གདམས་ངག་ཟབ་ལམ་གྱི།།

སྣང་བྱེད་བྱམས་བརྩེའི་གཟི་བྱིན་རླབས་པོ་ཆེ།།

གངས་རིའི་ལྗོངས་སུ་འདྲེན་པའི་སློབ་གསོ་བ།།

ངེས་དོན་འཇིགས་མེད་རྒྱལ་མཚན་གཙུག་གི་མགོན།།

དཀའ་སྡུག་རྔུལ་ཆུའི་ཐིགས་པ་རེ་རེ་ཡང་།།

བོད་ཀྱི་མི་རབས་འདི་ཡི་བདེ་སྡུག་སླད།།

དབུ་ཡི་དབུ་སྐྲ་དཀར་ཡང་ཐུགས་ཡང་ངང་།།

ལས་འདིའི་གནས་ལ་བྲེལ་བའི་མཛད་པ་བསྐྱངས།།

རིག་པའི་ལྗོན་ཤིང་འཁྲུངས་པའི་འབྲུ་དྲུག་ཐང་།།

ཤེས་རབ་རྩལ་གྱིས་བཞེངས་པའི་ཕོ་བྲང་བསྐྲུན།།

ཤེས་བྱའི་གེ་སར་སྨིན་པའི་ར་བ་རུ།།

སྣོད་ལྡན་བུང་བའི་ཁྱུ་ཚོགས་འདིར་བསུ་མཁན།།

ཚལ་ལ་སྟུག་པའི་སྨིན་པའི་གཤོག་ཐོགས་རྒོད།།

ཟླུམ་ལ་འོད་སྦྱིན་སྤྱན་གྱིས་སྣང་སྲིད་མཐོང་།།

སངས་རྒྱས་མི་ཡི་གར་བྱོན་ཐེག་ཆེན་མཁན།།

ཞི་བསིལ་ལྡིང་བཞུགས་དམ་པ་སྐྱེས་བུ་མཆོག།

ཨེ་མ་མཚན་ལྡན་བླ་མ་སྐྱབས་ཀྱི་རྗེ།།

རྒྱལ་ཀུན་ཡོན་ཏན་བྱེ་བའི་ཆུ་གཏེར་གང་།།

གང་ཐུགས་མཁྱེན་པའི་དཔལ་ལ་དབང་འབྱོར་བ།།

དྲན་འཛིན་སྒྲོམ་བུའི་དམ་པ་རྩ་གསུམ་ལྷ།།

ཡངས་པའི་བློ་རྒྱ་མཁའ་ཡི་མཐའ་ལས་བརྟོལ།།

ཀྱེ་ཀྱེ་མཛད་སྤྱོད་སེམས་པའི་བརྟུལ་འཛིན་མཁས།།

ས་ཆེན་གོ་ལའི་ཉིན་བྱེད་བདེན་པའི་མིག།

སློབ་དཔོན་དམ་པ་གང་དེའི་སྤྱི་བོར་འདུད།།

གཞུང་ལུགས་བདུད་རྩིའི་རོལ་མཚོ་ཡིད་དུ་འཁྱིལ།།

ངོ་མཚར་མི་ཡི་གར་བྱོན་རྣམ་པར་འཛིན།།

བཤེས་གཉེན་དམ་པ་ཐུ་བོའི་ཞབས་རྡུལ་ལ།།

དད་སྟོབས་རྣམ་དག་སྨོན་པའི་གསོལ་བ་འདེབས།།

སྐུ་ཚེ་མི་གཡོ་འཛིན་མའི་པང་བར་བཞུགས།།

མཛད་འཕྲིན་མི་ནུབ་སྲིད་པའི་ཁྱོན་དུ་འཚེར།།

དེང་འདིར་འཁྲུངས་སྟོན་པད་མའི་དགའ་ཚལ་ནས།།

ཤིས་ཚིག་སེམས་ཀྱི་མཆོད་པ་འདི་འབུལ་ལོ།།


  • ལེ་ཚན་སྔོན་མ།:སྟོང་བ་རྟེན་འབྲེལ་ཟབ་མོའི་རང་སྒྲ།
  • ལེ་ཚན་རྗེས་མ།:མིག་མཐའི་རི་མོ།