རི་སྤྱང་། 2021-03-12
ཁྱེད་སྐུ་དཔགས་བསམ་ལྗོན་ཤིང་ཚར་དུ་མངར། །
བསླབ་གསུམ་ཤེས་རབ་གསུམ་གྱིས་རང་རྒྱུད་ཕྱུགས།།
ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིས།།
སྐུ་ཡི་མཚན་དཔེ་རབ་ཏུ་རྒྱས་པར་ཤོག།
འགྲོ་རྣམས་དབང་མེད་འཁོར་བའི་དུ་ཁ་རུ།།
ཤུགས་དྲག་རླུང་གིས་གང་སར་དེད་པའི་ཚེ།།
གང་སྐུ་ཐུགས་རྗེ་འོད་ཟེར་དཀར་པོ་ཡིས།།
འགྲོ་བའི་མུན་པ་རབ་ཏུ་བསལ་བར་ཤོག།
ཆོས་དང་ཆོས་ཅན་སྣང་བའི་དངོས་པོ་ལ།།
ཡོད་དང་མེད་པའི་རྣམ་བཞག་ཀུན་བྲལ་ནས།།
མཐའ་བཞི་བྲལ་བའི་སྤྲོས་བྲལ་དབུ་མའི་ལམ།།
ཟུང་འཇུག་བདེ་བ་ཆེན་པོ་དོན་རྟོག་ཤོག།
ཐོས་དང་བསམ་དང་སྒོམ་པའི་དད་སྟོབས་ཀྱིས། །
ས་གསུམ་འགྲོ་བའི་རེ་འདོད་ཡོངས་བསྐངས་ནས།།
ལས་བཞི་ལྷུན་གྱིས་གྲུབ་ལ་དབང་འབྱོར་ནས།།
ཟག་མེད་དགའ་བ་ཆེན་པོའི་ས་ཐོབ་ཤོག།
བདེ་དང་གསལ་དང་མི་རྟོག་ཏིང་འཛིན་གྱིས།།
གཉེིས་མེད་ཁ་སྦྱོར་ཡན་ལག་བདུན་ལྡན་གྱིས།།
སྣང་སྟོང་གྲགས་སྟོང་འཁོར་འདས་དབྱེར་མེད་ངང་།།
ཆོས་དབྱངས་མཉམ་ཉིད་ཆེན་པོ་དོན་རྟོགས་ཤོག །
གཞི་དང་ལམ་དང་འབྲས་བུ་གསུམ་ཀ་ལ།།
ཚོགས་གཉིས་བསག་པའི་ཆུ་འཛིན་འཁྲིགས་དཀར་པོ་ལ།།
དོན་གཉིས་མཐའ་རུ་ཕྱིན་པའི་རོལ་མོ་ཡིས།།
སྲིད་གསུམ་ཆོས་ཀྱི་ཆར་ཆེན་ཕབ་ནུས་ཤོག།
རྩོམ་གསར། 10