གངས་འཁྱམ་གསར་བུ། 2021-03-12
ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།
སྤོ་བོ་བཞུགས་ཡོད་པའི་ཕ་ཁྱིམ་དེ་དགོས།
ཨ་མས་ལྷ་སྒྲུང་བཤད་མྱོང་བའི་མཚན་མོ་དེ་དགོས།
དཀར་ཁུང་འོག་ཏུ། སྤོ་བོ་ཟླ་དཀར་གྱི་བག་ལེབ་བསྒུགས་ཆོག
ལན་རེར་སྒེའུ་ཁུང་ཕྱིར་མིག་བསྲིངས་ཏེ།
འབག་མོ་རྭ་ཅོ་ཅན་དེར་སྐྲག་དགོས།
འབག་མོའི་ངོ་རིས་ངས་ད་ལྟའང་མཐོང་མྱོང་མེད།
ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།
སྐྲ་ལོ་རལ་བ་ཅན་གྱི་བུད་མེད་དེར།
ལན་ཅིག་ཨ་མ་འབོད་དགོས།
ངོ་ཡི་ཐལ་བ་ཕྱིས་དགོས།
འཛིངས་པའི་སྐྲ་ལོ་བསེད་དགོས།
མོས་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་དེར།
འཇིགས་མེད་སྨོན་གྲུབ་ཅེས་པའི་མིང་ཞིག་བཏགས་དགོས།
ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།
ཨ་ཅེ་བོར་མེད་པའི་རྩ་ཐང་དེ་དགོས།
མཐའ་མཇུག་གི་གཉིད་དང་རུམ་གྱི་དྲོད་ཁོལ་དགོས།
བརྩེ་དུང་གི་གེ་སར་དུ་སྙན་ངག་གྱི་མཆོད་པ་འབུལ་དགོས།
གནམ་མཚོའི་རླབས་ཀྱིས་བརྡུངས་པའི་ན་ཟུག་ཕོན་པོ།
ངེས་མེད་རླུང་གིས་སྤུར་བའི་འཆལ་པོ་ཞིག
ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།
ཞི་བ་ཡེ་ནས་མེད་པའི་རྣམ་རྟོག་གི་གསོན་འདྲེ།
ཡན་ལག་ཡོངས་སུ་འཁུམས་ཞིང་།
སྙིང་ཁ་སྤར་མོས་བཙིར།
ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།
………
རྩོམ་གསར། 10