​ཕ་ཡུལ།

གངས་ཟེགས།        2020-12-28

ཕ་ཡུལ་དྲན་དུས་སེམས་པ་འཁྱག་བྱུང་།

སེམས་པའི་རྩ་བ་བརླན་བྱུང་།

ལོ་ཟླའི་ཧྲག་བར་ནས་སྨྲེང་བ་བརྩེགས་བྱུང་།

གོད་ཆགས་ཀྱི་ཐ་སྙད་རུམ་གང་།

ཡུགས་ས་མའི་སྡུག་ཡུས་ཀྱི་མཆི་མ་བཞིན།

ཡུལ་མི་ཚོའི་ཨ་མཆོག་ནང་བླུགས་འདུག

ཡུལ་མི་ཚོའི་ངོ་གདོང་ལ་བསྐུས་འདུག

ཡུལ་མི་ཚོའི་སྐྲ་ལོ་ཉག་མ་རེ་ཡང་།

རླུང་གིས་དེད་པའི་གྱང་རྩའི་འཇག་མ་བཞིན།

དགུན་འཁྱག་གི་སེར་ཀའི་ངོས་སུ་གཡོ་བཞིན་གདའ།

ཕ་ཡུལ་གྱིས་ངའི་ཕྱོགས་སུ་གངས་ཆར་སྟོར་སོང་།

ངའི་དྲན་གདུང་གི་མེ་ལོང་ངོས་སུ།

ཕ་ཡུལ་ཁོ་ན་འདར་སིག་སིག་ཏུ་ཤར་འདུག

སེན་ཤ་གས་པའི་ཉིན་སྲིབ་ཀྱི་བར་ནས།

ངས་སྟོན་མཇུག་གི་ལོ་མ་རིག་བྱུང་།

ལོ་མའི་སྟེང་གི་འདས་སོང་རྣམ་ཤེས་རིག་ཐུབ།

ཟགས་ཟད་ལ་སོང་ལང་ཚོ་རིག་དུས།

ད་དུང་ཡང་ཉལ་ཐ་འཐེན་པའི་ནད་པ་བཞིན།

ཕ་ཡུལ་གྱི་རི་དང་གཙང་བོ་སྟོང་སང་ངེར་འགྲེང་།

ཕ་ཡུལ་གྱིས་ངའི་རུས་རྐང་བསྲེགས་བྱུང་།

ངའི་སྐྱ་མདོག་གི་རུས་ཐལ་སྦར་མོ་གང་།

ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་སྤུར་སོང་།

ངའི་རུས་ཐལ་གྱི་དབྱིབས་རིས་ངོས་ན།

ཡུལ་མི་ཚོའི་ཤུགས་རིང་དཔར་ཡོད།

ཕ་ས་ཕ་ཡུལ་གྱི་སྨྲེང་གླུ་སྦས་ཡོད།

ཕ་མེས་ཀྱི་སེམས་ཁུང་གི་འཁུན་སྒྲ་ཉར་ཡོད།

ཕ་གཞིས་ཀྱི་དྲོད་ཁོལ་ཉར་ཡོད་ཀྱང་།

མཐར་མཇུག་འཁྱག་སིབ་སིབ་གྲང་ངར་ལ་འཐིམ་སོང་།

  • ལེ་ཚན་སྔོན་མ།:འཁྲེང་སེམས།
  • ལེ་ཚན་རྗེས་མ།:འཚོ་ཐབས།