འཚོ་ཐབས།

བུ་ཚེ་རིང་རྒན་པ།        2020-12-30

དམྱལ་ཁམས་ཀྱི་སྒོ་མོ་འགྲིམས་རྗེས།

ད་གཟོད། འཚོ་ཐབས་གཞན་ཞིག་ལ་གསེད་འགྲོལ་བྱེད་ནུས།

འཚོ་སྡོད་མཁན་རང་སྲོག་རྟ་རྔ་ཙམ་ལ་གཅེས་པའི་མི་ཚོགས་དེ་དག་རེད་ལ།

བདེ་བར་འདོད་མཁན་ནི་སེར་སྣ་ཅན་གྱི་མི་ཚོགས་དེ་དག་རེད།

ཤོར་འགྲོ་བ་ལ་ཁའི་ཉི་མ་འདྲ་བའི་ལང་ཚོ་ཡིན་ན།

ལག་ཏུ་ལོན་པ་སེམས་ཉིད་ལས་ལྡོག་པའི་ན་ཟུག་ཁོ་ན་ཡིན་དོན་ཅི།

གཟུང་ཁྲག་ལ་ཕབ་རྩི་བཏབ་ནས་ཉིན་འགྱངས་ཞག་འགྱངས་ལ་སོང་བས།

ཚ་གདུང་གིས་ཅི་ཡང་བསྲེགས་པའི་ནམ་ཟླ་འདིར།

ད་གཟོད། ཆང་རྩི་ལྟ་བུའི་ཚེ་སྲོག་ནས་སྐྱུར་དྲི་འཐུལ་དུས།

ཡིད་ལ་གཟན་ཞིང་མཐོང་ལམ་དུ་མི་འཆུད་པའི་སྦྲང་ནག་དེ་ཚོས།

གཡས་སྐོར་དང་གཡོན་སྐོར་བྱེད་ཀྱིན་འཛེར་སྒྲ་སྒྲོག

བླ་གྱར་ནས་བློ་སེམས་འཁྲུག་དུས། རང་ཉིད་གཏན་ནས་བརྗེད་འགྲོ།

ངོ་རིས་མི་གཅིག་པའི་མི་ཚོགས་དང་གུ་དོག་པའི་སྲང་ལམ་གང་སར།

བསམ་བློ་དང་དམིགས་ཡུལ་མེད་པའི་ཁྱི་ལྡོམ་འདྲ་བའི་མི་ཚོགས་དེ་དག་ལ།

གསེད་འགྲོལ་དང་ཁ་ལོ་བསྒྱུར་མཁན་མེད་དུས།

སྐྱུར་དྲི་དང་བཙོག་དྲིར་ཆགས་པའི་སྦྲང་ཚོགས་དང་འདྲ།

དུས་རབས་འདིའི་ཁ་མཐའ་ནས།

སྤྲིན་ཚོམ་ཞིག་གི་རྒྱུག་ཚུལ་དང་སྨུག་སྤྲིན་གྱིས་བསྒྲིབས་པའི་རྣམ་ཤེས་དག་མཐོང་དུས།

གངས་འདབ་ལྟ་བུའི་ཁུར་བུ་གྲངས་མེད་སེམས་ངོས་སུ་སིམ་སིམ་ལ་བབས།

ནམ་མཁའ་འདི་ཁ་ཞེང་ཆེ་བས་ཆུ་འཛིན་ཚོགས་ལ་སྡོད་ཚུགས་མི་འདུག

ནམ་དུས་འདི་ལ་འགྱུར་བ་ཆེ་བས།

འཕྱོན་མའི་འཛུམ་དཀར་མཚར་པོ་ཕྱེ་ལེབ་བཞིན་དུ་གང་སར་འཕུར།

སེམས་འདུན་ཞོ་བཞིན་བསྙལ་ཡང་ཐོན་རྒྱུ་འཆུར་ཁུ་ལས་མེད་ན།

མེ་ཏོག་ལྟ་བུའི་སྙན་ངག་སུ་ཞིག་གི་པིར་རྩེ་ལས་ཐོན་སྲིད།

རི་མགོ་གང་སར་དར་ལྕོག་གཡོ་བཞིན།

བྲག་ངོས་གང་སར་ཡིག་དྲུག་མ་ནིས་མཛེས་ཀྱང་།

ཕ་སྐད་ལ་མེར་ཞིང་སྐྱུག་པའི་ནམ་དུས་སུ།

རྡོ་ལྟར་སྲ་བའི་འཆུར་སྐམ་ཙམ་ལས་ཡིད་ལ་བསིམ་པའི་བྲོ་བ་མི་འདུག

གཏམ་རྒྱུད་ཅིག་གི་ཁ་དོག་ལ་བལྟས་ན།

ཤ་ཁྲག་ཤོར་བའི་ལང་ཚོ་བཞིན་དུ་གསོན་ཤུགས་མི་འདུག།

གཏམ་རྒྱུད་དེའི་ལས་དབང་ལ་བསམ་ན།

ཉི་འོད་མེད་པའི་ས་གཞི་བཞིན་དུ་གྲང་ངར་མུན་གྱིས་བཅོམ་འདུག

གཏམ་རྒྱུད་ཅིག་གི་མངའ་ཐང་དང་ལོངས་སྤྱོད།

སྦར་མོའི་ནང་གི་བྱེ་སྐམ་བཞིན་དུ་རིམ་གྱིས་ཤོར་དུས།

རི་མོ་ཉམས་པའི་ཟ་འོག་ལྟ་བུའི་ཨ་མའི་ལང་ཚོའི་མཛེས་སྡུག

རྨི་ལམ་ཚུབ་པའི་མཚན་གུང་ལྟར།

ངའི་གཉིད་ཀྱི་བདེ་བ་འཕྲོག་པའི་རྨི་ལམ་དེའི་ངོ་རིས་གསོན་པོ།

ཇག་ཚོགས་ཀྱིས་ཀི་སྒྲ་སྒྲོག་པའི་མཚན་མོ་དེ་ནས།

གཡང་དཀར་ནོར་གནག་གི་བླ་སྲོག་ཕྲ་མོ།

རླུང་འཁྱེར་བྱ་སྒྲོ་བཞིན་དུ་ས་མཐར་འཁྱམས་མགོ་ཚུགས།

ཕ་ས་སྣུམ་པོར་གྲང་རླུང་འཚུབ་ནས་ཁ་དོག་ཡལ་དུས་

གཞིས་ཁྱིམ་དང་ཤ་ཉེ་མེད་པའི་ཉམ་ཆུང་གི་བྱིས་པ་དེ་དག

ལས་དབང་རླུང་བུས་དེད་ནས་གང་སར་མྱུལ།

བཟོལ་བཅོས་ཀྱིས་ངོ་སྦག་མཛེས་པའི་ཇག་ཚོགས་དེ་རྣམས།

བྱམས་དང་སྙིང་རྗེ་ཅན་གྱི་སྐྱབས་མགོན་ཞིག་དང་འདྲ་བར།

ངའི་གསེར་དངུལ་གཡུ་བྱུར་ཚང་མ་ཨམ་ཕྲག་ཏུ་བཅུག་རྗེས།

ཟས་ལྷག་དང་གོས་ལྷག་གིས་སྦྱིན་པ་ཆེན་པོས་སྙིང་རྗེ་དང་སྙིང་རྗེ་ཟེར།

  • ལེ་ཚན་སྔོན་མ།:​ཕ་ཡུལ།
  • ལེ་ཚན་རྗེས་མ།:ཕོར་བ།