འཁྲེང་སེམས།

སྐལ་བཟང་ནོར་བུ།        2020-12-28

ཉི་འཆར་ཉི་ནུབ་དུས་ཀྱི་འཁོར་འགྲོས་ལས།།

དྲན་པའི་བྱ་ཁྱུ་ཁྱོད་ཀྱི་ཕྱོགས་སུ་བཞུད།།

ཡིད་ཀྱི་ལྗོན་པ་སྟོང་ཞིང་གནས་པའི་དུས།།

ཁྱོད་ཀྱི་ལོག་ཕེབས་བསམ་ན་ཞེ་རེ་སྨྲེང་།།

ཡིད་ཀྱི་གཞུང་ལ་སྟོན་གྱི་ལོ་མ་ཟགས།།

དགའ་སྐྱོའི་འགྱུ་བག་ལོ་མའི་ཚོན་གྱིས་འབྲི།

མཛའ་མཐུན་ཞེ་ལ་བསྙལ་བའི་ལོ་ཆང་དེ།།

ལྷན་དུ་འཛོམས་ནས་གཙང་བཞེས་གནང་ན་བསམ།།

མཚན་མོའི་ལྷིང་འཇགས་གྱོན་ནས་སྨྱུག་རྩེ་སྒུལ།།

སྐར་ཚོགས་ཁྲ་ཆིལ་དབུས་ཀྱི་ཟླ་གསལ་དེ།།

ཁྱོད་ཀྱི་ཞལ་རས་ཡིན་པའི་ཉམས་སྣང་གིས།།

སྙན་ཚིག་གཙང་བོ་ཟླ་འོད་འོག་ནས་བཞུར།།

ནགས་མོའི་ཀློང་གི་འདབ་ཆགས་ཆ་བསྡེབས་ཀྱང་།།

དུས་ཀྱི་སོ་ཚིགས་འདི་ནས་འཁྲེང་ཞེན་བཅས།།

ཡུལ་ཕྱོགས་སོ་སོར་བཞུད་པའི་རྣམ་པ་དེས།།

བདག་གི་སྙིང་ལ་སྐྱོ་བའི་ཟློས་གར་འཁྲབ།།

མེ་ཏོག་འདབ་ལོ་སྐྱི་བསེར་རླུང་གིས་ཁུར།།

གཡུ་སྦྲང་བུང་བ་སད་ཀྱིས་དེད་ནས་འགྲོ།།

འདུ་འབྲལ་མི་རྟག་སྒྱུ་མའི་རང་མདངས་དེས།

སྐྱེ་འགྲོའི་སེམས་སུ་དགའ་སྐྱོ་ཅི་ཡང་སྟེར།།

དུས་བཞིའི་འཁོར་འགྲོས་རྦབ་ཆུ་བཞིན་དུ་མྱུར།།

མི་སེམས་འགྱུར་བ་ཆུ་ཡི་ཡེར་མོ་འདྲ།།

གློ་དང་མཆིན་པའི་བར་གྱི་དམ་ཚིག་ནི།།

སེམས་ཀྱིས་སྙོར་ནས་སེམས་ཀྱིས་བཞེས་རོགས་གནང་།།

  • ལེ་ཚན་སྔོན་མ།:སྦྲ་འདབས་ཀྱི་བདག་མོ།
  • ལེ་ཚན་རྗེས་མ།:​ཕ་ཡུལ།