སྦྲ་འདབས་ཀྱི་བདག་མོ།

ཁམས་སྨྱུག་གསར།        2020-12-25

ཆགས་མེད་ཆགས་པའི་གར་གྱི་རྩེད་འཇོ་ལ་རོལ་བའི། །

སྲིད་ཞིའི་མཛེས་སྡུག་སྤྲས་པའི་མཚོ་བྱུང་གི་ལྷ་མོ། །

བདག་མགྲིན་པད་འདབ་གཡོ་བའི་གུར་ཁང་དུ་བྱོན་ནས། །

ན་ཆུང་སེམས་པ་དགྱེས་པའི་དབྱངས་རྟ་ཞིག་དཀྲོལ་རོགས། །

མི་རྟག་སྤྲིན་ནག་རྒྱུ་བའི་དུར་ས་རུ་འཁྱམས་ནས། །

མི་ལོ་བཅུ་ཕྲག་འདས་པའི་དགའ་སྐྱོ་ཡི་འཚོ་བར། །

མི་བརྗེད་དྲན་པ་གཡོ་བའི་ཕྱི་མིག་གིས་བལྟས་ཚེ། །

མི་ཚེའི་སྣང་བརྙན་འདི་ལ་གཏམ་རྒྱུད་རང་མང་ངོ་། །

འཁོར་བའི་གཞིས་ཁྱིམ་སྐྱོང་བའི་ལས་སྐལ་དེ་དབེན་ཡང་། །

སེམས་ཀྱི་མཛའ་གཞས་འདྲེན་པའི་སྦྲ་འདབས་ཀྱི་བདག་མོར། །

མིག་ཟུང་རྒྱང་ལ་ཕྱོགས་ཏེ་ཀུན་རྟོག་གི་ཤུགས་ཀྱིས། །

མ་བསྐུལ་དུངས་བའི་དབྱངས་རྟ་འགོག་མེད་དུ་ཤོར་སོང་། །

མཁུར་ཚོར་དམར་མདངས་རྒྱས་པའི་ཆུ་འཛིན་གྱི་གསེབ་ནས། །

ཞོགས་པའི་ཉི་རྡུལ་ཕྲ་མོ་རི་རྩེ་ལ་འཁྱུག་དུས། །

བེ་འུས་ངུར་སྐད་འཐེན་པའི་ལྷས་ར་ཡི་འདབས་ནས། །

མདང་དགོང་རྨིས་པའི་མི་ལ་འཁྲེང་སེམས་ཤིག་སྐྱེའམ། །

གནའ་བོའི་ལོ་རྒྱུས་རིང་མོའི་དབྱངས་རྟ་ལ་འདྲེས་པའི། །

མཐིང་ནག་སྦྲ་ཡི་ཚོམ་བུས་ས་ཆེན་འདི་འགེབས་ཚེ། །

ནོར་ལུག་རི་ལ་འཁོར་བའི་སྨུག་སྤྲིན་གྱི་གསེབ་ནས། །

མཛའ་སེམས་རྫི་གླུ་ཕྲ་མོས་སུ་ཞིག་ལ་འབོད་དོ། །

ཡངས་པའི་རྒྱལ་ཁམས་ཉུལ་བའི་གཙང་བོ་ཡི་འགྲམ་ནས། །

སེམས་ཀྱི་སྐྱོ་བ་འཁུར་བའི་འཇོ་སྒེག་གི་བུ་མོ། །

གཅིག་པུས་ལུག་རྫི་བྱེད་པའི་སུན་སྣང་ལ་རོལ་ཚེ། །

ཡིད་ལ་སྙལ་བའི་མི་དེར་འཕྲད་སྙིང་ཞིག་འདུག་གམ། །

ས་སྲོད་གྲིབ་མའི་ཡོལ་བ་རི་འདབས་ལ་འཐེན་དུས། །

སྒོ་དར་རླུང་གིས་སྐྱོད་བའི་སྦྲ་ནག་གི་འདབས་ནས། །

མིག་ཟུང་རྒྱང་ལ་འཁོར་ནས་གཅིག་པུ་རུ་ཀེར་ཏེ། །

ཞེན་ཆགས་ཕྱི་ལ་སྟོན་བཞིན་སུ་ཞིག་ལ་བསྒུག་ཡོད། །

མལ་སར་བསེར་བུ་ལྡང་བའི་མཚན་མོ་ཡི་ལྗོངས་སུ། །

ཁྱེར་སྐྱེས་ཟླ་བ་དཀར་པོའི་འཛུམ་རིས་དེ་འཚོལ་དུས། །

ཡུན་རིང་སེམས་ལ་སྙལ་བའི་དུངས་སེམས་ཀྱི་སྙིང་གཏམ། །

རང་སེམས་མཐུན་པའི་མི་བུ་གང་འདྲ་ལ་བརྗོད་འདོད། །

སྙན་ཚིག་ལོ་མ་ལྡེམ་པའི་ཐག་འཁྱུད་ཀྱི་མེ་ཏོག །

ན་ཆུང་སྒེག་ལྡན་ལྷ་མོའི་མགུལ་རྒྱན་དུ་ཕུལ་ན། །

ཚེ་གཅིག་གཏན་གྲོགས་བྱེད་པའི་ལས་སྐལ་དེ་མེད་ཀྱང་། །

མ་བཅོས་ཡིད་ཀྱི་སྤྲིངས་ཡིག་བརྗེད་པ་རང་མ་གནང་། །

  • ལེ་ཚན་སྔོན་མ།:ཞོགས་པ་དེར།
  • ལེ་ཚན་རྗེས་མ།:འཁྲེང་སེམས།