བུ་ཚེ་རིང་རྒན་པ། 2020-12-23
ཞོགས་པ་དེར་ཁྱེད་རང་མལ་ལས་ཐོག་མར་ཐོན་སྐབས།
མི་སྡུག་རྒད་གཉེར་གྱིས་གང་བའི་ལུས་དེ་ལྕིག་ལྕུག་ལ་འདར་དུས།
ངའི་སེམས་ཀྱི་ཞིང་ཁམས་སུ་ཁ་བ་དང་རླུང་བུ་རིམ་གྱིས་འཚུབ།
ཟད་མེད་ཟུག་གཟེར་གྱིས་དྲན་མེད་དུ་བརྒྱལ་བའི་རྣམ་ཤེས་ཕྲ་མོ།
ཁྱེད་རང་གི་ངོ་གདོང་བཞིན་དུ་སྐྱོ་སྣང་གིས་ཡོངས་སུ་བསྒྲིབས།
ཞོགས་པ་དེར་བང་རིམ་དུ་བརྩེགས་པའི་ཁྱེད་ཀྱི་རྒས་གཉེར་གྱི་གསེང་ནས།
ངས་ཁ་བྱང་དང་མཇུག་བྱང་མེད་པའི་གཏམ་རྒྱུད་དམ་དུམ་རེ་ཀློག་དུས།
ཐག་རིང་ནས་ཐག་རིང་དུ་འཕོས་པའི་རེ་འཇག་རེ་གསལ་གྱི་ངོ་རིས་མང་པོ།
ངའི་སྙིང་ཁའི་འཕག་ལྡིང་དང་བསྡེབས་ནས་ཞོགས་རླུང་བཞིན་དུ་ལྡང་།
ཞོགས་པ་དེར་ངའི་མིག་ལམ་དུ་འགྲེང་པའི་ཕོ་བྲང་དམར་པོ།
ཁྱེད་རང་ཞོགས་པའི་ཉི་རྡུལ་གསེང་ནས་རིམ་བཞིན་གསལ་དུས།
མཐའ་འཁོར་དུ་ཆུ་རྒྱུན་བཞིན་དུ་རྒྱུག་བྱེད་པའི་མི་ཚོགས་ཁྲོད་ཀྱི།
མུག་མུག་ཞལ་འདོན་ལ་གོམས་པའི་གནས་འཇལ་བ་དེ་དག།
རྒད་བཞིན་གོགས་པའི་ཁྱེད་རང་དང་ཤིན་ཏུ་ནས་མཚུངས།
ཤིན་ཏུ་ནས་མཚུངས་པ་ཁྱེད་རང་གི་སྐུ་ལུས་ཡིན་ཡང་།
ངའི་སེམས་སྦུག་གི་སྨོན་ལམ་དང་འགྲོགས་པའི་ཁྱེད་ཀྱི་སྣང་བརྙན།
ན་རྒས་ལུས་གཟུགས་འདར་བའི་རྒད་པོ་དེ་གཏན་ནས་ཡིན་མི་སྲིད།
ཞོགས་པ་དེར། སྨུག་སྤྲིན་གྱི་འོག་ཏུ་སྙིང་ཁ་ལྡིག་ལྡིག་ལ་འཕག་དུས།
དྲན་ལམ་ལས་ཡལ་དུ་མེད་པའི་མག་མོག་གི་གཏམ་རྒྱུད་དེ་དག།
ངའི་དབུགས་རྒྱུན་དང་འགྲོགས་ནས་ཐག་རིང་ཐག་རིང་ཞིག་ཏུ་འཕུར།
ཞོགས་པ་དེར། ཕྱག་ཕྲེང་དང་ཞལ་འདོན་ལ་གོམས་པའི་མི་ཚོགས་མང་པོས།
དད་མོས་རྡོ་བ་ལྟ་བུས་དག་པའི་ཞིང་ལ་སྙེག་དུས།
སྔར་སོང་འཇའ་ཚོན་ལ་འཁྲེང་བའི་ང་རང་གི་སེམས་པ།
ཁྱེད་ཀྱི་བཞིན་རས་བཞིན་དུ་རྒད་གཉེར་གྱིས་ཁེངས་འདུག།
རྩོམ་གསར། 10