མགར་རྐང་། 2020-12-23
དབྱངས་ཅན་རྨི་ལམ་ནང་ལ་ཐེངས་མང་བྱོན།།
སེམས་སུ་སྙན་པའི་དབྱངས་ཀྱི་དངོས་གྲུབ་སྩོལ།།
དབྱངས་སྙན་རེ་རེས་ང་ཡིས་ནམ་མཁའ་གཤགས།།
འོད་དུ་འཚེར་བའི་ལམ་ཞིག་ཡོད་དམ་ཀྱེ།།
མཚན་གྱི་ཟླ་བ་སྔར་བཞིན་འོད་འཁྱིལ་འཁྱིལ།།
དབྱངས་ཅན་ཕྱག་གི་པི་ཝང་དཀྲོལ་བར་གནང་།།
རྒྱང་རིང་གནས་སུ་སྐར་ཚོགས་འོད་ཆེམ་ཆེམ།།
དེ་ན་བདེ་སྐྱིད་ཕྲན་ཚེགས་ཡོད་དམ་གང་།།
ཁྱོད་ནི་ང་ཡི་སྐྱོ་གྲོགས་ཁོ་ན་བྱེད།།
དམིགས་པ་གཅིག་ཏུ་གཏོད་ཅིག་སྲོག་གི་ཟླ།།
འཇིག་རྟེན་འདི་ནས་གསོན་པ་དཀའ་ནའང་།།
དམིགས་ཡུལ་འཚོལ་ཕྱིར་རྒྱང་རིང་གནས་སུ་ཕྱིན།།
ས་ཚུགས་རེ་ནས་ངལ་གསོ་ཨེན་ཙམ་བྱོས།།
དེ་ནི་ལས་ཀྱི་ལམ་ཕྲན་དངོས་མ་ཡིན།།
དེ་ན་བསམ་ཕྱོགས་གཅིག་པའི་འོད་ཁྱུ་ཡོད།།
རྣམ་དག་སྙིང་གི་གཏམ་ཡང་སྐྱེས་སུ་ཕུལ། །
མི་ཚེའི་དུས་ཡུན་ཐུང་བ་ཤེས་པར་གྱིས།།
འཁོར་བའི་འཆིང་ཐག་རྒོད་པའི་གྲུ་ཁ་ནས།།
བྱམས་པའི་མི་ལ་བརྩེ་བའི་ལག་ཟུང་སྐྱོངས།།
ལས་སྐལ་དགོས་འདོད་ནོར་བུ་ཧ་ཅང་དཀོན།།
བདེན་པ་གཙུག་ཏུ་བཀུར་ཏེ་གཅེས་པར་གྱིས།།
སྤྱིར་ན་ཞེ་སེམས་དལ་ལྷོད་ངང་བྱས་ཏེ།།
སྙིང་གཏམ་འགའ་ཡང་ལྐོག་ནས་གློད་འདོད་མོད།།
གནས་སྐབས་དུས་ཚོད་མེད་སོང་ཟེར་སྐད་ན།།
ཞེ་སེམས་འཁྱག་མོད་མེད་པར་གཏོང་བར་བྱེད།།
ཡིད་ཀྱི་དགའ་སྐྱོ་དུ་མའི་མངའ་ཐང་ནས།།
སྒོ་གསུམ་དད་པའི་ཡང་སྙིང་ཁྱོད་བྱས་ཏེ།།
བརྩེ་བའི་དྲོད་དང་གློ་བ་ཁྱེད་ལ་གཏད། །
འདི་ཡིས་ཆོག་གམ་སེམས་ཀྱི་མགྲོན་པོ་ལགས།།
འདི་ཡིས་ཡོང་ངམ་དམིགས་ཀྱི་གཏད་སོ་ལགས།།
རྩོམ་གསར། 10