ལུག་རྫི། 2020-12-23
སྡོང་རློན་དང་ལོ་སེར།
སོས་ཀས་གཉེན་འཕྲད་ལ་བཀུག་པ།
ཆར་ལྡན་གྱི་རྡུང་རྡེག་ཆ་ལ་མྱངས།
སླར་ཡང་།
སྟོན་རླུང་གིས་ཁ་ཁ་བྱས་སོང་།
འདུ་འབྲལ་གྱི་དབང་ཆ་དུས་ཚིགས་ལ་མཆིས།
ཕོ་གཞོན་དང་ན་ཆུང་མ།
འདོད་ཞེན་གྱི་ཐག་སྣེར་འཛིངས་པའི་ཁ་ཚར་ཏེ།
ཞིང་གའི་ནང་དུ་གྲེས་ཐག་ལ་འཁྱུད།
སྤང་གའི་ངོས་སུ་འབྲེང་ཐག་ལ་འཁྲིལ།
ཐག་ཉེར་གཏུག་པའི་རང་འདོད་མིས་བཀང་ན།
རིང་ལམ་སྙེག་པའི་གཞན་འདོད་ཅིས་མི་སྐོང་།
འཛུམ་འཚེར་འཚེར་དུ་མགོ་བརྗོད་འབྲི་ཚུལ་དེའི།
འབྱུང་རིམ་རྙོག་དྲ་ཚ་པོ་ཡོང་བཟོ་འདུག་ག
གོ་འཛོལ་དང་ཁ་འཁྲུག
ཕྲ་མ་དང་དོགས་སྣང་།
མཁའ་དབུགས་བཞིན་ཁོག་ལ་འཚངས་ཤིང་།
གྲུ་གུ་ལྟར་རྡོག་སྣེར་འགྲིལ་བས།
བསམ་ཤེས་དང་བཟོད་སེམས།
རྒྱབ་དཔུང་མེད་པའི་གདོང་མཆོང་ངར་མའི་སྤུན་ཟླ།
འཚོ་བའི་མེ་ལོང་གི་སྲིབ་སར་ཁྱུ་ཡན་དུ་སོང་བས།
བརྩེ་དུང་གི་དྲོད་རླབས་ཁད་ཀྱིས་འཇགས།
ནང་སེམས་ཀྱི་གྲང་ངར་ཧོབ་ཀྱིས་མཆེད།
ལག་པ་འཁྱགས་ཏོས་ངུ་ཤིག་ཤིག་ཏུ་འུ་ཐུག་པའི་མཇུག་བྱང་འབྲི་དགོས་བྱུང་།
མཇུག་བྱང་གིས།
ཐུན་མོང་ལམ་བུ་ཕྱེད་གཤགས་བཏང་ཁར།
བར་བཅད་རི་བོའི་ཚད་ཙམ་བརྒྱབ་རུང་།
སྣང་བརྙན་དེ།
སེམས་ལ་འགོས་པའི་ཉོན་མོངས་ནང་བཞིན།
བཅུན་ཐུབ་མེད་པའི་དྲན་པ་འདྲ་བོ།
ལོགས་བཀར་གཞག་རྒྱུ་ལས་སུ་སླ་པོ་མི་འདུག་ཨང་།
རྩོམ་གསར། 10