འབྲོག་རུའི་བྱམས་པ།

འཁོན་བུ་སྟག་རྒྱལ་ཚེ་རིང་།        2020-12-21

སེམས་ཀྱི་ཆུ་བོ་ཡུག་གཅིག་མ་འདྲེས་ཀྱང་།།

ལས་ཀྱི་ཟམ་པར་འུ་གཉིས་མ་བསླེབས་ཀྱང་།།

རང་སེམས་གཙང་མ་ཁྱེད་ཀྱི་ཕྱོགས་ལ་འཇོག།

སེམས་ཀྱི་རི་མོ་ང་ཡིས་མནའ་ལ་འབྲི།།

འུ་གཉིས་རྣམ་དག་ལྷ་ཡིས་མ་སྲུང་ཡང་།།

འུ་གཉིས་རང་སེམས་མཐུན་པ་མ་བྱུང་ཡང་།།

ང་ཡིས་སེམས་པ་གཙང་བའི་དན་རྟགས་ལ།།

ང་ཡི་གཤིས་འདི་ཁྱེད་ཀྱི་ཕྱོགས་ལ་མཆོད།།

གལ་སྲིད་སེམས་པ་མཚོན་པའི་རི་མོ་འདི།།

ཧ་རིའི་མེ་ཏོག་ཅིག་གི་ཚབ་མ་བྱས།།

ཡང་བསྐྱར་ཁྱེད་ཀྱི་ཕྱོགས་ལ་སྟོན་སྲིད་ན།།

ང་ཡིས་ཚེ་རབས་ལས་ལ་འཁུར་བ་ཡི།།

ལས་དབང་རྒྱལ་མོ་ཟེར་བ་ཁྱེད་ལས་སུ།།

མི་དག་སྤྱིར་ན་འདི་འདྲ་ཡིན་ཡང་སྲིད།།

རི་དྭགས་བཞིན་དུ་འཇོམས་པ་མ་བྱུང་ཡང་།།

རྟག་བརྟན་འགྱུར་མེད་ཅེས་པའི་བཤད་སྒྲོས་དེས།།

ང་ལ་རྒྱུན་དུ་བསླུ་བྲིད་གཏོང་ངམ་ཅི།།

ངས་ཀྱང་ཨུ་ཚུགས་ལས་ལ་འབད་པ་ཡིས།།

ལས་རྣམས་ཧ་རིའི་རྒྱང་ལ་དོར་བ་ཡིས།།

ཁྱེད་ཀྱི་མིང་ཡིག་སེམས་ནས་གསུབ་ཀྱང་རུང་།།

ང་ཡི་སྡིག་སྒྲིབ་ལྟ་བུའི་བུ་མོ་ཁྱེད།།

ཞེ་སེམས་གོས་ཀྱི་གདན་ཆར་ཡང་ཡང་འཁོར།།

རྨི་ལམ་སྤེན་མའི་བྱེའུ་ཆུང་ཆུང་ཁྱེད།།

སེམས་ཀྱི་སྤང་ལ་རྟ་རྒོད་བཞིན་དུ་རྒྱུག།

དེ་ནི་རྣམ་དག་གོས་སུ་གྱོན་པ་ཡི།།

བུ་ཕོ་ང་ཡི་རྣམ་སྨིན་ཡིན་ཡང་སྲིད།།

ནམ་ཞིག་ཁྱེད་ཀྱི་སེམས་ཀྱི་གཞིས་ཀ་ལ།།

རེ་བའི་དར་ཡུག་རླུང་གིས་བསྐྱོད་པ་ཡིས།།

སྨིན་པའི་སེམས་པ་དེ་ཡང་རྒྱས་གྱུར་ན།།

ང་ཡི་སྐོམ་གདུང་བརྩེ་བའི་སྙིང་ཆུང་འདི།།

ཁྱེད་ཀྱི་ལག་པར་འཆང་དེ་ཁ་ལ་ཁྱེར།།

སྙིང་ནད་རིམ་གང་དང་བཅས་ཟོ་དང་ཀྱེ།།

ང་ལ་བསམ་པའི་འདོད་བློ་གཞན་ཡོད་མིན།།

འདི་ནི་གཞོན་པའི་འུར་ལབ་མ་ཡིན་ཞིང་།།

སྣང་བའི་སྲབ་ཁ་སྐྱོགས་ཚད་མ་ཟིན་པའི།།

སྐད་ཆའི་སྙིགས་རོ་དེ་འང་དེ་བས་མིན།།

ད་ནི་མང་བོ་བཤད་ཀྱང་མི་ཤེས་ལ།།

བཤད་པའི་སྙིང་ཁམས་དེའང་བདག་ལ་མེད།།

འཇིག་རྟེན་འདི་ནི་རྟེན་འབྱུང་ཤེལ་དུམ་དུ།།

ཆགས་པའི་འཁོར་བའི་རི་དྭགས་ཤི་རོ་ཡིན།།

ང་ཡི་སེམས་པ་ཤི་དང་གསོན་པ་ཡི།།

ཁ་མཚམས་དེ་རུ་འདི་ལྟར་གནས་པ་ཡིས།།

སེམས་པ་ཡི་གེར་བྲིས་ནས་ཁྱེད་ལ་བསྐུར།།

  • ལེ་ཚན་སྔོན་མ།:གཉུག་གཤིས་ཀྱི་གད་རྒྱངས།
  • ལེ་ཚན་རྗེས་མ།:དྲན་ཙ་ན་ཡོད་ཚད་ན་ཟུག་རེད།