གཉུག་གཤིས་ཀྱི་གད་རྒྱངས།

དབུ་འཇིགས་མེད།        2020-12-21

གཉུག་སེམས་ཆགས་པའི་རྒྱུད་སྟོང་པི་ཝང་དུས།།

སྟོང་ཆེན་གཡོ་བའི་དབྱངས་ཀྱི་ངར་ཤུགས་རྒོད།།

འོད་འབུམ་འཕྲོས་པའི་བཀྲ་ཤིས་གདན་སྟེང་ན།།

སྨིན་ལེགས་རྨད་བྱུང་དབྱངས་ཅན་ལྷ་མོ་བཞུགས།།

རབ་དཀར་ཆུ་འཛིན་འགུལ་བའི་ལྡིང་ཁང་ན།།

གཡུ་འབྲུག་དབྱངས་ཀྱི་ངར་ཤུགས་ལྷུང་ལྷུང་གྲག།

ཕ་མཐའ་ཡངས་བའི་ཆུ་གཏེར་རླབས་ཕྲན་གྱིས།།

དབྱིག་འཛིན་གཡོ་བའི་མདང་གི་རྨི་ལམ་སྤྲུགས།།

ལྷིང་འཇགས་སྤྲུག་པའི་ངག་གིས་རོལ་རྩེད་དུས།།

སྟོང་གསུམ་འགུལ་ནས་གློ་བར་མགུར་ཞིག་བླངས།།

སྨིན་དྲུག་ཟླ་བའི་འོད་ཟེར་དཀར་དམར་འདི།།

སྲིད་གསུམ་ཁྱབ་པའི་ཉི་མའི་འཛུམ་མདངས་བཞིན།།

ཡིད་འོང་ལྡིང་ཁང་པད་མའི་ཉི་ཁྱིམ་ནས།།

གཡུ་སྦྲང་གཞོན་ནུའི་སེམས་པའི་ལྷ་ཞིག་དྲན།།

བརྩེ་བ་མགུར་ལ་བརྒྱུས་ནས་མགུར་དབྱངས་བཀུག།

ཡིད་གྱི་སྒྲོམ་གཞི་ནང་ནས་དྲན་པར་བཞུགས།།

དྲན་པའི་ཕྱི་ནང་གཉིས་ཀྱི་འཆར་སྒོ་ནས།།

ཡལ་མེད་མེ་ཏོག་སེམས་པའི་སྒྲོམ་དུ་བཞུགས།།

དུང་བ་རླབས་ཕྲན་ལྟ་བུའི་རྒྱུན་ཆགས་བཞིན།།

སེམས་པ་ཉ་མོ་བཞིན་དུ་ཟླ་བར་དགའ།།

རྒྱ་མཚོ་ཉུལ་བའི་གསེར་མིག་ཉ་མོའི་ཚོགས།།

བརྩེ་བ་ཆུ་ལ་བརྒྱུས་ནས་དྭངས་ཤིང་གཙང་།།

ཡིད་སེམས་མཚོ་ལ་འགྲོགས་ནས་འཚོ་བ་སྐྱིད།།

གཞིས་ཁྱིམ་མཛེས་སྡུག་རྒྱ་མཚོ་ཆེན་མོ་རེད།།

ཚོར་འདུ་མྱུར་བའི་ཐ་སྙད་སྣ་ཚོགས་བསྐྲུན།

གཉུག་སེམས་རྒོད་པོའི་རང་ཉིད་གླུ་རུ་བླངས།།

མགུར་མའི་རོལ་རྩེད་འཁྲབ་པའི་གཉུག་མའི་གཤིས།།

རང་སེམས་མགུར་ལ་བརྒྱུས་པའི་དབྱངས་སྙན་ཅིག།

  • ལེ་ཚན་སྔོན་མ།:སྲོག་གི་སྐྱོར་མ།
  • ལེ་ཚན་རྗེས་མ།:འབྲོག་རུའི་བྱམས་པ།