གུ་དཔལ་ཤིས། 2020-12-18
༡
མིག་གི་མེ་ལོང་ངོས་སུ།
གཙང་བོའི་ལན་བུ་འཆར་བའི་སྐད་ཅིག་མ་དེར།
ཤ་འཁོན་དུ་གྱུར་བའི་ལག་པ་གཉིས་ཀྱིས།
ལན་བུ་དེ་བདག་གིར་བྱས་སོང་ན།
རང་ཉིད་ཀྱང་བག་མི་ཚའམ།
སེམས་ཀྱི་ལྗོན་པའི་ནང་གི་དྲི་ངད།
ཚོར་ཤེས་ལ་དབང་བའི་མི་རབས་འདི།
སྨྲ་བ་མེད་པའི་རོལ་མོ།
གཞན་གྱིས་དཀྲོལ་ན་ཅི་ཞིག་བྱ།
ལག་པས་མི་ཟིན་པའི་གྲིབ་མ།
ཉི་འོད་ལ་སྲིང་བའི་རྣམ་འགྱུར་དག
ས་སྲོས་ཀྱི་དྲན་པ་འོད་ཀྲིག་ཀྲིག་གིས་འཚེར་ཡང་།
ཆར་རླུང་འཚུབ་མས་རབ་རིབ་ཏུ་བཏང་ན་ཅི་ཞིག་བྱ།
ཆོ་འཕྲུལ་གྱི་བསྟན་བཤིག་ཚ་བའི་སྤྱང་ཀི།
སེམས་ཀྱིས་འཚོས་པའི་ལུག་ཁྱུ་ནང་དུ།
གློ་རྡེག་ཏུ་འཇབ་རྒོལ་བྱུང་ན།
ངས་བདག་པོ་ལ་ཚང་རྩིས་ཅི་ཞིག་སྤྲོད།
མིག་གིས་མཐོང་ཡོང་བ་ནི་རབ་རིབ་ཁོ་ན།
སེམས་སྒོར་འཆར་ཡོང་བ་ནི་མག་མོག་ཁོ་ན།
༢
གཏམ་རྒྱུད་ཀྱི་རྐང་ལ་ཉན་ན།
ཚོར་བའི་ཁུ་བྱུག་ལྷང་ལྷང་གྲག
འདུ་ཤེས་ཀྱི་རྟོག་ཚོགས།
རྨི་ལམ་ལ་ཞིམ་པའི་ཁ་བ་འབབ།
ངར་གདུ་བའི་ལོ་དང་ཟླའི་རྔུལ་ནག
རྩིས་མེད་དུ་གྱུར་ན།
ཅི་འདྲས་བཟོད་གླགས་བྲལ་བ་ལ།
ཤ་རུས་ལ་འཐིམས་ཤིང་རུས་རྐང་ལ་སིམ་པའི་ཚེ་སྲོག
དུར་བྱང་ཁོ་ནས་ཡིན་མིན་གྱི་ཁྲུན་ཐག་ལས་མེད་ན་ཅི་མ་རུང་།
མིག་ཤེས་ཀྱི་མྱོང་བས་ཁྱོད་ཤོད་ཀྱིན་འདུག
ཡིད་གཟུགས་ཀྱི་གྲིབ་མས་ཁྱོད་འཛུམ་གྱིན་འདུག
རྩོམ་གསར། 10