བྱེའུ་ཞིག་ཡིན་ན་བསམ་བྱུང་།

དུར་ཁྲག        2020-12-18

ཁེར་རྐྱང་རྒུམ་བུ་འཐུ་བའི།།

སྐྱོ་སྐྱོ་མིག་ཆུ་བཞུར་བའི།།

ཡལ་འདབ་ལོ་མའི་སྟེང་གི།།

བྱེའུ་ཞིག་ཡིན་ན་བསམ་བྱུང་།།

ནམ་མཁའ་གོས་སུ་གྱོན་པའི།།

གཤོག་པར་ཉི་ཟླ་བྲིས་པའི།།

གར་འཕུར་རང་དབང་ཡིན་པའི།།

བྱེའུ་ཞིག་ཡིན་ན་བསམ་བྱུང་།།

གྲུ་བཞི་ཤོག་དཀར་སྟེང་གི།།

ཚོན་སྣ་སྡེབ་སྟངས་ཡག་ན།།

གངས་རི་མ་མཐོང་ཆོག་མོད།།

ཡིད་ལ་ཁྱེད་རང་བསྒོམ་ཆོག།

ཡིད་ཀྱི་ནགས་ཚལ་ནང་དུ།།

སྐྱིད་སྡུག་གངས་ཆར་འབབ་དུས།།

བསོད་ནམས་གངས་རི་དཀར་བོ།།

བྱེའུ་ཆུང་སྐོར་བ་བསླེབ་ཡོང་།།

བྱེའུ་ཆུང་གཤོག་པ་ལྡེམ་ལྡེམ།།

ཕ་ཡུལ་ཕྱོགས་ལ་འཕུར་སོང་།།

འཛུམ་ལ་ཆར་བ་སིམ་སིམ།།

བྱེའུ་ཆུང་ག་རེ་བཞུགས་སམ།།

  • ལེ་ཚན་སྔོན་མ།:གྲངས་ཀྱི་གཏམ་དཔེ།
  • ལེ་ཚན་རྗེས་མ།:​སེར་སྣ།