ཤ་ངུ་པགས་ངུ་།

གུ་དཔལ་ཤིས།        2020-12-16

རླུང་བུ་སྒུལ་ཤུགས་སུ་སེམས་སྤྲིན་བསྙེགས་པས།།

འཁོར་བའི་ནམ་མཁའ་ཡི་ཉི་ཟླ་ཇེ་གསལ།།

སྣང་བ་རབ་རིབ་ཀྱི་ཚོར་སྦྲིད་འོབས་སུ།།

སྙིང་གི་ཉག་ག་རུ་མིག་ཟུང་བརླན་པས།།

དྲན་པའི་ཆར་རླུང་གིས་ཤ་སྙིང་བསྒུལ་བྱུང་།།

ཞེ་ཡི་སྣང་བ་རུ་བྲིས་པའི་རྒྱབ་གཟུགས།།

ཉེ་རུ་ཕྱིན་འདོད་ཀྱི་རྟོག་ཚོགས་བྲེལ་ཁི།།

ནམ་ཟླའི་ཙད་པ་ཡིས་ཡིད་རྫིང་སྙོགས་རུང་།།

དྭངས་གསལ་ཟླ་འོད་འདི་ཡལ་དུས་མི་འདུག།

ཞེ་རྟོག་ཁྲི་ཕྲག་གི་རྩེ་རུ་ཟུག་པའི།།

མིག་འབྲས་ཆ་ག་དེ་ཡིད་ལ་ལྷུང་བས།།

ཟླ་འོད་ཆར་འཇམ་གྱི་མལ་ཁྲིའི་འོག་ནས།།

དཀར་དམར་ཚོར་གཟུགས་ཀྱི་མེ་ལྕེ་རེ་རེ།།

འཚོ་བའི་ནགས་ཐབ་ནས་གདུ་ན་བསམ་ཁི།།

ཤ་དང་རུས་པ་ཡི་འོ་མའི་མངར་ཁ།།

སྣང་བའི་ལྕེ་རྩེ་རུ་དྲོད་ལ་བརླན་ནས།།

དབྱངས་དང་རོལ་མོ་ཚོགས་དུས་གཅིག་འགགས་པའི།།

ཉི་ཟླའི་ཁུ་བ་དེ་ཞེ་ཡིས་མྱོང་ཞོར།།

འཚོ་བའི་འཇིངས་ངོགས་སུ་ཆགས་པའི་གསེར་ཞག།

ལུས་དང་ཡན་ལག་གི་གྲིབ་མ་བསྲེས་ནས།།

མྱོང་སྙིང་ཁ་བ་དེ་ཨེ་འབབ་བསམ་ཁི།།

མིག་གི་ནམ་མཁའ་འདི་ཡོམ་སྐྱོམ་ཚ་བས།།

རེག་གཟུགས་འཇའ་ཚོན་གྱི་རྨི་ལམ་ཞིམ་པས།།

ཤ་ངུ་པགས་ངུ་ཡི་ཟུག་གཟེར་སྙན་པས།།

ཤ་འདྲིས་ལུས་སིམ་གྱི་རྔུལ་ནག་ཁྲོམ་ཁྲོམ།།

ལུས་ངག་སེམས་གསུམ་གྱིས་འཁྲོལ་བ་སྙན་ལེ།།

སེམས་ངག་ལུས་གསུམ་གྱིས་འཁྲབ་པ་ཡག་ལེ།།

ཡིད་གཞུང་རྣ་བ་འདིས་མཉན་འདོད་ཆེ་ཁི།།

  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་ལ་བསྟོད་པའི་སྙན་ངག་གསེར་གྱི་པི་ཝང་།
  • ལེ་ཚན་རྗེས་མ།:རྐང་འཛུགས་ཕུབ་ཏུ།