2020-12-15
① དཀར་མཛེས་ལ་བསྟོད།
མདང་ནུབ་རྨི་ལམ་ཞིང་གི་ལྟེ་བ་ནས།།
ཤེལ་གྱི་ཕྲེང་བ་བརྒྱུས་པའི་གངས་རིའི་ཚལ།།
གཡུ་ཡི་མེ་ལོང་བཀོད་པའི་རྩྭ་ཐང་དཀྱིལ།།
མེ་ཏོག་དྲི་བསུང་འཐུལ་བའི་ཕ་ཡུལ་ཞིག།
བདེ་ཆེན་ལྷ་ལས་འབབ་པའི་ཡུལ་ཞིག་རྨིས།།
རྨིས་ཤིང་རྨིས་ན“གནས་མཆོག་དཀར་མཛེས”རྨིས།།
རླུང་འདི་ལྡང་ཐེངས་མང་བའི་ལྗོན་པའི་འོག།
སེམས་པ་དལ་གྱིས་སོང་བའི་སྡེ་འདབས་ནས།།
རྟ་ཕོ་གཡུང་མོ་ཞིག་དང་གདོང་ཐུག་བྱུང་།།
ཟག་བཅས་ཕུང་པོ་འདི་ཡི་རྣམ་རྟོག་སྟེ།།
རང་དབང་ཡེ་ནས་མ་བྱུང་བཞོན་ནས་སོང་།།
སོང་ཞིང་སོང་མཐར་དྭངས་གཙང་ཆུ་བོའི་འགྲམ།།
རྟ་ཕོ་ཁམ་པ་ངེད་གཉིས་ངལ་ཞིག་གསོས།།
རྩེ་མོ་དགུང་ལ་བསྙེགས་པའི་མཆོད་རྟེན་ཞིག།
བྱམས་པ་ལྷ་ལས་དྲངས་བའི་གཟུགས་རིས་ཤིག།
མིག་ནས་འཁྲུངས་ཤིང་བརྩེ་བའི་གཞོང་བ་རུ།།
ཆུ་མིག་དྭངས་མོ་གཡས་སུ་འཁྱིལ་གྱིན་འདུག།
“གནས་མཆོག་དཀར་མཛེས”ལྗོན་པའི་འོག་ནས་མཇལ།།
མཚན་མོ་རྨི་ལམ་གྲོང་དུ་འགྲིམས་ཐེངས་ཤིག།
ཆར་བསིལ་སེམས་སུ་ཕོག་པའི་མཚན་གཞུང་ལ།།
དཀར་མཛེས་གྲོང་ཁྱེར་མིག་ཏུ་དལ་གྱིས་མཇལ།།
ཨེ་མ་འདི་འདྲའི་གྲོང་ཁྱེར་ཉམས་དགའ་ཅན།།
སུམ་རྩེན་ལྷ་ལས་གཞལ་བའི་སྐྱེད་མོས་ཚལ།།
རྐང་དྲུག་བུང་བ་འཁོར་བ་ལོས་ཡིན་མོད།།
མཛེས་སྡུག་རྣམ་པར་བཞད་པའི་མེ་ཏོག་ཚོགས།།
རྣམ་གསར་གྲོང་ཁྱེར་བསྒྱུར་བའི་དུས་རྟེན་འདི།།
མི་རྣམས་སེམས་སུ་དགའ་དད་དཔལ་ལ་དགྱེས།།
② ཁམས་བྲིས་མཁན་པོ་ལ་བསྟོད།
ཨེ་མ་ཧོ།
དབྱངས་གསལ་གཟུགས་སུ་ཕབ་པའི་ཨ་ཕ་སྟེ།།
ཕ་ཤུལ་བུ་ཡིས་འཛིན་པའི་ཚོར་སྣང་བརྟས།།
དབྱངས་གསལ་ངོགས་སུ་སྨྱུ་གུས་ལམ་བྲིས་ཏེ།།
ཁམས་ཀྱི་ཕྱོགས་སུ་ཡིག་གཟུགས་སྣ་ཚོགས་ལ།།
འབྱུང་འགྱུར་ཞིག་ལ་དམིགས་པ་ཡུན་དུ་བཅོལ།།
ཡིག་རིས་མང་ཞིག་ཁང་ཆུང་གཅིག་ཏུ་བཏུས།།
ཁམས་པའི་བྲིས་ལུགས་འདི་ལ་སྲོག་ལྟར་གཅེས།།
སྒྱུ་རྩལ་ངོས་ཀྱི་ང་ཡི་ལམ་སྟོན་པ།།
བརྩེ་བའི་ངོས་སུ་བྱམས་པའི་རི་མོ་འབྲི།།
ང་ཡི་དབྱངས་གསལ་བཞོན་པའི་དགེ་བའི་བཤེས།།
མེས་པོའི་དམ་པའི་ཕྱག་གིས་འབྲི་བ་སོགས།།
ཡང་ནས་བསྲངས་ཤིང་སློབ་བུའི་རྒྱུད་དུ་སྦྱར།།
ཨེ་མ་འདི་ནི་གང་གི་འབྲས་བུ་འམ།།
བསོད་ནམས་གང་ནས་བསགས་པ་ཨེ་ཤེས་ལགས།།
གཉུག་མའི་རང་གཤིས་ཚུགས་པའི་ཤེས་རབ་ཅན།།
“ཁམས་བྲིས་དཔག་བསམ་དོན་འགྲུབ”ཅེས་བྱའོ།།
③ དགེ་རྒན་ལ་བསྟོད།
མཐོ་རིས་འོད་སྣང་འབར་བའི་གྲོང་འདི་ན།།
སྔོན་ཆད་རིག་འབྱུང་མང་ཞིང་འདི་ནས་དར།།
དབྱངས་གསལ་སོ་བཞིའི་ངོ་བོ་མ་ཡལ་ཞིང་།།
སྲིད་གསུམ་སྒྲོན་མེའི་ལམ་གྱི་གཡས་གཡོན་དུ།།
བཅུ་ཕྲག་རིག་པའི་འདབ་མ་ཕྱོགས་བཞི་འཐིམས།།
ཀྱེ་མ་དགེ་རྒན་དྲིན་འདི་སུ་ལ་བཤད།།
གཡུ་སྦྲང་བུང་བ་མེ་ཏོག་ནང་ནས་འཁྲུངས།།
གཡུ་སྦྲང་བུང་བ་གེ་སར་བཅུད་ཀྱིས་གསོས།།
ཞེས་པ་ལྟར་དུ་ཡང་དུ་དྲན་གྱུར་ན།
ང་ཡི་དགེ་རྒན་ཉིན་མཚན་དུས་དྲུག་ཏུ།།
སློབ་བུའི་ཕྱོགས་སུ་ཅང་ཤེས་སེམས་དེ་ཡིས།།
བྱམས་བརྩེ་དྲོད་ཀྱིས་སློབ་གྲྭའི་ཐོག་ཁང་སྐྱིད།།
གཤིས་ལ་འཛུམ་གྱིས་ཕྱུག་པའི་དགེ་རྒན་མཆོག།
ལང་ཚོའི་སྙེ་མ་སློབ་བུའི་ཕྱོགས་སུ་གཡོ།།
ངག་ལ་ཁུ་བྱུག་ལྟ་བུའི་སྙན་འཇེབས་མངའ།།
འབྱུང་འགྱུར་ལོ་ཟླ་དེའི་ནང་རྒྱལ་གྱུར་ཅིག།
“དཔྱིད་མགོ་མ་སླེབས་སོང་ཁུ་བྱུག་སླེབས།།
སློབ་མགོ་མ་ཚུགས་སོང་དགེ་རྒན་མཇལ།།”
དྲན་གཞས་དཀྱིལ་འཁོར་སྟེང་གི་དབྱངས་རྟ་རེར།།
དྲིན་ཆེན་དགེ་རྒན་ཞིག་ལ་བསྟོད་གླུ་ཕུལ།།
སློབ་གླིང་ཁོར་ཡུག་དེ་ཡང་དྭངས་ཤིང་གཙང་།།
དབྱངས་རྟ་ངག་ཏུ་གྱེར་བའི་ཐོག་ཁང་དུ།།
དབྱངས་གསལ་ངག་ནས་འཚོལ་བའི་སློབ་མ་ཚོས།།
དྭངས་གཙང་སེམས་པའི་ངོས་ཀྱི་ཡབ་ཆེན་ལ།།
བསྟོད་གླུ་ངག་ཏུ་གྱེར་ཞིང་དཔལ་ཡོན་ཤར།།
④གསེར་བྲིས་ཚང་གི་ཡིག་མཁན་ལ་བསྟོད།
སེམས་འདི་གཞོན་པའི་གཡས་གཡོན།།
སྣང་བ་ཞིག་ལ་བཅོལ་ཡོད།།
སྒྱུ་འཕྲུལ་གསེར་ཡིག་དཀར་པོ།།
གཞོན་པའི་ཁམས་སུ་ཟུག་ནས།།
དབྱངས་གསལ་ཕོ་བྲང་ངོས་སུ།།
སྒྱུ་རྩལ་ལེགས་ཞེས་སྨྲས་ན།།
མི་ཆོག་གང་ཡང་མེད་པའི།།
ཡིག་མཁན་ཉི་མ་རང་ཤར།།
མ་འོངས་འབྱུང་འགྱུར་ཁྲོད་དུ།།
ཁ་དགེ་བཀྲ་ཤིས་གྱུར་ཅིག།
⑤ སེང་ལྕམ་འབྲུག་མོ་ལ་བསྟོད།
ཆོ་འཕྲུལ་མིག་ཏུ་དལ་གྱིས་ཕྱེས།།
སྣང་བ་བཏེགས་པ་དེ་ཡང་ཕྱེས།།
དལ་གྱིས་ཁྱོད་ཀྱི་མིག་མདངས་ལས།།
སེམས་ཅན་བྱེ་བའི་ཁ་དོག་ཏུ།།
སྣང་བ་རྒྱང་བའི་སྐུད་པ་བསླེས།།
མུན་པ་ཡལ་བའི་ཞོགས་པ་རུ།།
སྣང་བའི་མེ་ལོང་ཀེར་དུ་ལངས།།
འོད་ཀྱི་གམ་དུ་ལང་ཚོ་བཙུགས།།
བྱུ་རུ་རྒྱན་སོགས་མེ་ཏོག་བཞེངས།།
ཉིན་སྲིབ་གཉིས་ཀའི་ནམ་མཁའ་རུ།།
སེང་ལྕམ་འབྲུག་མོའི་དྲི་བསུང་འཐིམ།།
ཕྱོགས་ནས་ཡོང་བའི་རླུང་བུ་རུ།།
སེམས་ཀྱི་བས་མཐའི་བུང་བ་དེས།།
ནང་སེམས་ཤིག་ལ་འབབ་སྟེ་འོང་།།
འཕགས་མ་ཞིག་ལྟར་མཛེས་པས་ཁྱབ།།
མཚོ་ཁའི་ངང་བའི་འཕུར་ལྡིང་ནང་།།
བདག་སེམས་མགོ་མ་དེ་རུ་འབུལ།།
སྐར་ཆེན་ཕྲ་མོའི་འོད་བཙལ་པས།།
ལང་ཚོའི་སྙེ་མའི་མགོ་བོ་མཐོ།།
གཞུག་ཏུ་ལྷུང་བའི་སེམས་པའི་ནང་།།
ཆ་ཙམ་མ་མཐོང་གྱེས་དགོས་བྱུང་།།
གསལ་སྒྲིབ་བྱུང་བའི་མཚན་མོ་རུ།།
ཡལ་འདབ་ཆུ་ཐིགས་སྒྲ་ཙམ་ལས།།
སེམས་སུ་འཐིམ་པའི་ཇག་པ་དེ།།
མི་མཐོང་ས་ནས་ཆ་ཤས་བོར།།
ལས་ཀྱིས་བཀྲུས་པའི་སྒོ་ལྔའི་ནང་།།
བདག་ལ་དབང་པའི་ལས་སྣང་བསལ།།
བདེ་ཆེན་གླུ་དང་མགུར་མའི་གཏམ།།
ནང་སེམས་ཤིག་ཏུ་ཕབ་དུས་ན།།
སྙིང་སྡུག་འོད་ཀྱིས་སྣང་བ་འདི།།
རི་མོའི་དབྱིངས་སུ་བསྐྱར་བྲིས་ཏེ།།
སྟོང་བའི་ཁམས་སུ་འཇོ་སྒེག་ངོམ།།
མི་ཡིས་བྲིས་པའི་ནམ་མཁའ་ཡང་།།
ཁྱོད་ཀྱི་དྲི་བསུང་དལ་གྱིས་འཐིལ།།
ཕ་ལམ་དམར་པོའི་འོད་གཡར་ཏེ།།
བདེ་ཆེན་ཟབ་མོའི་གླུ་གཞས་གསོན།།
ཀྱེ་མ་གསོན་དང་བདག་གི་ལགས།།
ཟང་ཟིང་བྱུང་བའི་སྲང་དེའི་དབུས།།
བྱུང་དང་མ་བྱུང་མ་ཟེར་རོགས།།
རང་གི་གྲིབ་མའི་ལམ་དེད་དེ།།
འཛུམ་གྱིས་ཕྱུག་སྟེ་སླེབ་ཐུབ་བམ།།
སེམས་པའི་མེ་ལོང་གང་དུ་བདོག།
གསེར་ལས་སྐྱེས་པའི་མེ་ཏོག་ཀྱང་།།
གང་ནས་ཡོང་དུས་གང་ན་བདོག།
སེམས་ངོར་བྱོན་པའི་དབྱངས་ཅན་མ།།
བརྩེ་བའི་ཕྱག་རྒྱར་འོད་འཕྲོ་ནས།།
མེ་ལོང་ནང་གི་རང་ཉིད་ལ།།
བརྩེ་བའི་རླབས་སུ་རྒྱ་མཚོ་བརྒལ།།
སྣང་བ་ཞོགས་པའི་སེམས་པ་འདི།།
ཐོལ་གྱིས་བྱུང་བའི་ཚོར་བའི་སྟེང་།།
ཡིག་འབྲུ་སྐྱ་བོའི་ལམ་ཁྲིད་དེ།།
འཕགས་མ་ཞིག་གམ་དབྱངས་ཅན་མ།།
སེང་ལྕམ་འབྲུག་མོ་དེ་དང་གསུམ།།
རང་བཞིན་གཅིག་པའི་སྣང་ཚུལ་ཤོད།།
རྩོམ་པ་པོ། སྦྲང་བུ།༼དཀར་མཛེས༽
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10