སྟོན་རླུང་དང་ཁ་བའི་བསླུ་བྲིད།

འབྲུག་ལྷ་རྡོ་རྗེ།        2020-12-14

སྟོན་རླུང་རིམ་གྱིས་ཟད་པའི་ཚོན་རིས་ཀྱི་གས་སྲུབས་ལས།

ཁ་བ་གཞི་ནས་བབས་པའི་མཚན་ལྗོངས་ཀྱི་ཟླ་ངོགས་ནས།

ཁྱོད་ཀྱི་འཆར་ཡན་གྱི་སྒེག་ཉམས་གསོན་པོས་ང་རང་བསླུས།

བློས་བསླངས་དང་ཚོར་བ་སྐྱེན་མོའི་མཚན་མོ་དེར།

ཁྱོད་ཀྱིས་ང་ལ་གཏམ་རྒྱུད་ཅིག་གི་བརྗོད་བྱ་གནང་།

སྙན་རྩོམ་ཞིག་ལ་དབུ་ཁྱུད་བྲིས།

ངས་སྙན་ངག་གིས་མྱོས་པའི་སེམས་པ་ཁྱེར་ནས།

བསམ་གཞིག་དང་ཕྱིར་བལྟས་མེད་པར།

བརྩེ་དུང་གི་གཏན་ཚིགས་ལ་བློ་ཁ་ཕྱོགས།

དུས་ཚོད་ཀྱི་ཟུག་གཟེར་ལ་ཁ་གཏད་བཅག

གང་ལྟར།

བདག་ནི་དབྱངས་ཅན་གྱི་གཟི་བྱིན་འབར་བའི་སྙན་ངག་ལ་མོས་པས།

ངས་ནམ་ཡང་ཁྱོད་ལ་ལྷུ་འགྲིག་གི་སྙན་ཚིག་འབུལ།

ངས་ནམ་ཡང་ཁྱོད་ལ་གསེར་མདོག་གི་སྙན་ངག་འབྲི།

—སྟོན་རླུང་ཇི་ལྟར་ལྡང་རུང་།

བུ་ཡུག་ཅི་འདྲ་འཚུབ་རུང་།

  • ལེ་ཚན་སྔོན་མ།:རྒྱང་རིང་རྒྱང་རིང་ གི་ཁྱེད།
  • ལེ་ཚན་རྗེས་མ།:གནས་མཆོག་དཀར་མཛེས་ལ་བསྟོད་པའི་སྙན་ངག་གསེར་གྱི་པི་ཝང་།