རྒྱང་རིང་རྒྱང་རིང་ གི་ཁྱེད།

འཆར་ཁའི་ལང་ཚོ།        2020-12-14

ཞོགས་པ།

ལྷོ་ཕྱོགས་ནས་མགྲོན་དུ་ཕེབས་བའི་བྱིའུ་ཆུང་ཞིག་གིས།

བདག་ལ་དཀའ་སྡུག་གི་འཚོ་བ་ཨེ་ཡོད་སྙམ་པ་ཇི་བཞིན།

ཙེའུ་ཙེའུ་ཞེས་སྙིང་ཉེ་བའི་སྒྲ་ཞིག་དང་བྱམས་པ་སྙིང་ལ་ཐིམ་པའི་མིག་ཟུང་གིས་རང་ལ་ཡང་དུ་ཅེར་བཞིན་འཕུར་སོང་།

ཕྱི་དྲོ།

ལྷོ་ཕྱོགས་ནས་མགྲོན་དུ་ཕེབས་པའི་སྤྲིན་པ་དཀར་བོ་ཞིག་གིས།

བདག་ལ་ས་མཐའི་ཡུལ་ནས་རང་རྐྱ་ཐུབ་ཨེ་ཡོད་སྙམ་པ་ཇི་བཞིན།

དུག་གསུམ་གྱི་ཚ་དྲོད་བཀག་སྟེ་རང་ངོ་རང་གིས་ཤེས་པའི་སྦྲང་ཆར་གྱི་ཟིལ་མ་སྦྱིན་བཞིན་རྟ་བདུན་དབང་བོའི་བྲང་ཁུག་ཏུ་དལ་

གྱིས་ཡལ་སོང་།

དགོང་མོ།

ལྷོ་ཕྱོགས་ནས་མགྲོན་དུ་བྱོན་པའི་སྐར་མ་འོད་ཆེན་ཞིག་གིས།

བདག་ལ་མི་རྟག་པའི་རྒྱུ་འབྲས་འབྱུང་ཨེ་ཡོང་སྙམ་པ་བཞིན་དུ།

སྨག་ནག་གི་བགྲོད་ལམ་བཏོར་ཏེ་རང་དོན་འགྲུབ་པའི་འོད་ཆེན་གྱི་ལམ་བུ་

དཀར་བོ་སྩོལ་བཞིན་སྐྱ་རེངས་ཀྱི་འགྲོས་དང་བསྟུན་ནས་དབྱིངས་སུ་དྭངས་སོང་།

བྱིའུ་ཆུང་། ཆུ་སྤྲིན། སྐར་མ་འོད་ཆེན།

བདག་གིས་ནམ་ཡང་བག་མེད་དུ་གཏོང་བའི་བྱ་དངོས་ཏེ།

དེ་རིང་།

ཁྱེད་རང་ཚོ་དེ་འདྲའི་སྙིང་ལ་རྗེ་བ་ཞིག་རེད་ཨང་།

དོན་དངོས་སུ།

ཁྱེད་ཚོ་ནི་རྒྱང་རིང་རྒྱང་རིང་གི་ཁྱེད་ཀྱིས།

ང་ལ་གནང་བའི་དྲི་མེད་སེམས་པ་དཀར་པོ་དང་ལྷད་མེད་ཀྱི་བརྩེ་བ་དག་མ་དེ་རེད་ཨ།

  • ལེ་ཚན་སྔོན་མ།:བསྟོད་པའི་དབྱངས་རྟ་ཁྱེད་ལ་འཐེན།
  • ལེ་ཚན་རྗེས་མ།:སྟོན་རླུང་དང་ཁ་བའི་བསླུ་བྲིད།