མཐུ་སྟོབས་ལྷ་རྒྱལ། 2020-12-14
གནས་ཀྱི་ཡང་སྟེང་མཚོ་བོད་མཐོ་སྒང་གི་ཐོག་ཏུ།།
ཤར་གྱི་ཙོང་ཁ་བདེ་ཁམས་བཅོ་བརྒྱད་དེའི་ཡ་གྱལ།།
གནའ་མཁར་ཟི་ལིང་གྲོང་གི་ཤར་ཕྱོགས་ཀྱི་མཚམས་སུ།།
མཚོ་སྔོན་མི་རིགས་སློབ་ཆེན་མེ་ཏོག་བཞིན་བཞད་ཡོད།།
ཤར་གྱི་སློབ་གླིང་དཔྱིད་ཀྱི་ས་བོན་བཞིན་རྒྱས་ལ།།
ནུབ་ཀྱི་སློབ་གླིང་ཤེས་རིག་དྲི་ངད་དེ་ལྡང་བ།།
སློབ་གླིང་གསར་བའི་བཟོ་བཀོད་ཕོ་བྲང་ལྟར་མཛེས་པས།།
ཕྱོགས་བཞི་མེ་ཏོག་པདྨའི་འདབ་བརྒྱ་བཞིན་གྲོལ་ཡོད།།
ལྷག་བསམ་དུང་གི་སྦྲང་ཆར་ཤག་ཤག་ཏུ་བརྡོལ་བའི།།
ཤེས་དང་རིག་པའི་བྲན་དུ་ཞུད་ཞུད་དུ་བྱོན་མཁན།།
མང་ཐོས་དགེ་བའི་བཤེས་གཉེན་ཉི་ཟླ་བཞིན་འཆར་བ།།
ང་དང་ཁྱེད་ཀྱི་ལས་དབང་སྐྱིད་པོ་རུ་རློམ་ཆོག།
གཞོན་སྐྱེས་ཤེས་འདོད་སྤོབས་པས་ཡ་ཁོག་དེ་གང་བའི།།
མི་རིགས་བཅུ་ཁྲག་དུ་མའི་གསར་སྐྱེས་ཀྱི་སློབ་བུ།།
སྟེས་དབང་གསེར་གྱིས་སྐུད་པས་གླིང་ག་འདིར་འཛོམས་པ།།
བལྟས་ཤིང་བལྟས་ལ་སྐྱིད་པའི་ཉམས་སྣང་ཞིག་ལོས་ཡོད།།
ཤེས་སྤྱོད་གཉིས་ཀྱིས་བརྒྱན་པའི་རིགས་གཅིག་གི་དགེ་རྒན།།
རང་ནུས་ཡོད་ཚད་བཏོན་ནས་རང་རིགས་ཀྱི་རྗེས་ལ།།
ཞབས་ཞུ་མཛད་རྗེས་གསེར་གྱི་གཟེངས་རྟགས་དེ་མཐོང་དུས།།
རང་རྒྱུད་རང་གིས་སྐྱོང་པའི་ངང་ཚུལ་འདི་བརྗིད་པ།།
མ་འོངས་འབད་ལམ་གཅིག་པའི་རིགས་མཐུན་གྱི་སློབ་བུས།།
ཡབ་མེས་དམ་པའི་མཛད་རྗེས་མིག་འབྲས་བཞིན་བསྲུངས་ནས།།
དེང་རབས་གསར་བའི་རིག་པའི་ཁ་ཕྱོགས་སུ་རྒྱུ་བ།།
ཤེས་བརྩོན་གཉིས་ཀྱིས་བརྒྱན་པའི་སློབ་བུ་དེ་མཛེས་པ།།
དེང་རབས་གསར་བའི་བཟོ་བཀོད་མཛེས་ཉམས་ཀྱི་ཕྱུག་ཅིང་།།
མེས་པོའི་སྲོལ་རྒྱུན་རིག་གནས་ལྷོད་མེད་ཀྱི་སྐྱོང་བ།།
གནའ་དེང་ཤེས་རིག་ཕྱོགས་ལ་འབད་འབུངས་ཀྱིས་བརྒྱན་པའི།།
ཡིད་ཀྱི་གནས་མཆོག་འདི་ལ་ཚེ་རབས་སུ་བསྔགས་ཆོག།
རྩོམ་གསར། 10