སད་སྐལ། 2020-12-11
རྫ་ཆུ་དྭངས་མོ་བཏུང་ནས་ཚེ་སྟོད་རྫོགས།།
གོས་དང་པགས་ཀྱིས་རྒྱག་དྲོན་ཕྱེད་ཙམ་མྱངས།།
རྩྭ་ཐང་སྔོ་ལྗང་འཛིན་མར་གདན་དུ་བཏིང་།།
སྤྲི་དཀར་འོ་མས་གསོས་པའི་འབྲོག་ལུ་ཚོའི།།
སྐྱེ་བའི་སྨད་ནི་ཟིང་ཆེན་གྲོང་ནས་རྒས།།
དོང་ཆུ་བཏུང་སྟེ་སྐོམ་པ་སེལ་ལམ་ཅི།།
བཙོག་ཆུ་རྫིང་གིས་རྙོག་ལ་དོགས་མེད་པའི།།
ང་ཡི་འབྲོག་མིས་ཉོས་པའི་རང་སྡུག་ཨང་།།
སྔ་ཕྱིའི་འགྲོ་ལམ་འཛུལ་བའི་ལམ་ལུགས་འདིས།།
མཇུག་མར་རང་ས་རང་ཡུལ་བརླག་དོགས་མོད།།
བྱ་བ་ཐམས་ཅད་འདོད་ཐོག་དབབ་འདོད་ཀྱིས།།
རྟིང་མའི་དོན་རྣམས་ཞིབ་མོར་མི་དཔྱད་པས།།
ཁ་སྡུག་ལག་སྡུག་ཅན་གྱི་མི་ཚོགས་འདིའི།།
རུས་དཀར་ཁེབས་མ་ནག་པོས་བཙོག་དུས་སུ།།
གཉུག་གཤིས་འོ་སྤྲི་ལྷགས་པའི་རྒོད་ཁྱུ་དག །
མཐོང་འཛིན་ཡུལ་དུ་ད་དུང་ཡོད་དམ་ཀྱེ།།
ཡིད་ཀྱི་གཞོངས་ལ་འཁྱིལ་བའི་མཚོ་ཆུང་ཁར།།
རྡུལ་དྲེག་རྙོག་གིས་རླུང་ནག་མ་འདྲེན་དང་།།
འབྲོག་ས་ཁུ་སིམ་དཀྲོལ་བའི་རོལ་དབྱངས་ལ།།
རྣ་བ་བླགས་ཏེ་སངས་དང་ཞི་བར་མཛོད།།
ཁ་བའི་རི་ཡིས་བསྐོར་བའི་དཀྱིལ་ཡངས་ནས།།
ག་ལེར་སེམས་པ་ལྷོད་དེ་བཞུགས་ཙ་ན།།
སྐྱིད་ཀྱིས་ཡ་ཆུང་འཕལ་ཀ་འགྲིག་པོ་འདུག །
ངན་ངོན་མི་ཡིས་འཆལ་གཏམ་ཐོས་ཀྱང་མེད།།
ཆང་དུད་གློ་ནད་འཕེལ་བའི་གྲོང་ཁྱེར་ནས།།
གད་སྙིགས་འགྱིག་ཤུན་སྦར་བའི་དྲི་ངན་འཐུལ།།
ནད་ཚུགས་བཟུང་སྟེ་འཆི་དགོས་ཁྱོད་ཀྱི་ལས།།
གདམ་ཀ་གཞན་ཞིག་མེད་ཕྱིར་དུར་ཁྲོད་ནས།།
རྒོད་པོས་བཏོགས་ཏེ་སྙིང་རྗེའི་ཡུལ་དུ་གྱུར།།
ལྔ་ལམ་སྨག་བསལ་མ་ཎིའི་སྒྲ་ཡང་ཁེགས།།
ཆོས་ལྡན་གངས་ཡུལ་སྐྱེས་པའི་དོན་ཡང་རྟུལ།།
ཨ་ཙི་འཁོར་བའི་འགྲོ་རྣམས་སྙིང་རྗེའི་ཡུལ།།
རྩོམ་གསར། 10