རྐང་འཛུགས་ཕུབ་ཏུ།

བུ་ཚེ་རིང་རྒན་པ།        2020-12-16

རྐང་འཛུགས་ཕུབ་ཏུ།

ངས་སྒོམ་སྒྲུབ་ཀྱི་ཕྱག་རྒྱ་ཞིག་བྱས།

མི་ལ་རས་པའི་ཕ་ཡུལ་འདི་ནས།

ངའི་ཕ་ཡུལ་མཐོང་མི་ཐུབ་ལ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་སྒོམ་གནས་འདི་རུ།

ངའི་སེམས་པ་ཏིང་འཛིན་ལ་གནས་མི་ཐུབ།

མི་ཆེན་བཞུད་སོང་བའི་རྗེས་ཤུལ་ན།

ང་ཚོ་གཏམ་རྒྱུད་འཚོལ་མཁན་དང་གཏམ་རྒྱུད་ལ་སྒུག་མཁན་ཙམ།

ཡུལ་ལུང་འདི་ལ་གངས་ཆར་ཡུན་རིང་བབས་རྗེས།

སྐྱ་རྔ་རྩའི་ནམ་ཟླ་བཞིན་དུ་མི་སེམས་ལ་གས་ཆག་ཤོར་ཟིན།

རྐང་འཛུགས་ཕུབ་ནས།

མི་ལའི་ཡབ་ཡུམ་གླེང་ཞོར་ཞིང་འོར་མ་ཟུར་གསུམ་གླེང་ཆོག་ལ།

གཟིམ་ཁང་ཀ་བཞི་གདུང་བརྒྱད་གླེང་ཞོར་དུ།

ཨ་ཁུ་ཨ་ནེའི་གདུག་རྩུབ་དང་མྱང་ཚ་དཀར་རྒྱན་གྱི་མིག་ཆུ་ཡང་གླེང་ཆོག

འཇིག་རྟེན་གྱི་ཆོས་ཉིད་ཅིག་འདི་ལྟར་གཏམ་རྒྱུད་ཀྱི་ཚུལ་དུ་གླེང་དུས།

དོན་དམ་དུ་ཚེ་སྲོག་གི་སྙིང་པོ་དབེན་པའི་ང་ཚོའི་མི་ཚེ།

རྨི་ལམ་དང་སྐར་མདའི་ཚུལ་དུ་བཞུད་པ་སུ་ཡིས་ཤེས།

  • ལེ་ཚན་སྔོན་མ།:ཤ་ངུ་པགས་ངུ་།
  • ལེ་ཚན་རྗེས་མ།:གྲངས་ཀྱི་གཏམ་དཔེ།