ལམ།

ངག་དབང་བཀྲ་ཤིས།        2020-12-09

ལམ་ལགས། ཁྱོད་ཀྱི་ཁུག་མདོ་ཐད་གསུམ་དུ་མི་རིགས་ཤིག་གི་ཀྱག་ཀྱོག་དང་དར་རྒུད་ཀྱི་ལོ་རྒྱུས་སིམས་ཡོད། ཁྱོད་ཀྱི་འདས་མ་ད་གསུམ་གྱི་དུས་ཚིགས་སུ་སྲིད་འབྱོར་རིག་གསུམ་འཕེལ་འགྲིབ་ཀྱི་རླབས་རིས་བཀོད་ཡོད། ཁྱོད་ནི་ཡོད་ཚད་ཀྱི་མགོ་ཡིན་ལ་ཡོད་ཚད་ཀྱི་མཇུག་ཀྱང་ཡིན།

མིའི་རྒྱུད་ཀྱི་བྱུང་ལམ།

བར་བརྒལ་གྱི་ལམ་བུ།

སྲིད་པ་ཆགས་པའི་གནའ་རབས་སུ། ཡུལ་ལ་སྔ་བ་ཡར་ལུང་གི་སྤྲ་མིར་འགྱུར་གྱི་བཞུར་ལམ་བརྒྱུད་ནས་སྟོད་བྲག་རི་གསེང་ནས་གཞོངས་རྩེད་ཐང་དུ་སྤོས་པ་ནས་ཡུལ་གངས་ཅན་གྱི་འགྲོ་བ་མིའི་བར་བརྒལ་གྱི་རྡོ་རིང་ཆེན་མོ་གཞི་རུ་གྲུབ་ཡོད། ལམ་དེ་བརྒྱུད་ནས་ཞིང་ལ་སྔ་བ་ཟོ་དང་ཞིང་གི་བློ་གྲོས་ཀྱི་ཞིང་ས་ཐོག་མ་དེ་ནས་བལྟམས།

མངའ་མཛད་ཀྱི་བསྡུས་ལམ།

རྒྱལ་ཁབ་ཀྱི་ལམ་བུ།

བྱ་མོ་བཙུན་གྱི་སྲས་དགུའི་ཐ་ཆུང་གི་ཕེབས་ལམ་བསུས་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་ཤིང་བོད་ཀ་གཡག་དྲུག་གི་མངའ་མཛད་ཀྱི་མེ་རླུང་མཐའ་རུ་བསྐྱེད་དེ་གདོད་མི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་ཀྱི་སྒོ་མོ་ཕྱེས་ཏེ་རྒྱལ་ཁབ་ཀྱི་རྣམ་པ་དབུ་རུ་བརྙེས། ལམ་དེ་བརྒྱུད་ནས་ལྷོ་ཁའི་སྣེ་གདོང་རྫོང་གི་ཉེར་འདབས་སུ་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་གི་གཟི་འོད་འབར་དུ་བཅུག་ཡོད།

ཆོས་སྲིད་ཀྱི་རླབས་ལམ།

རིག་དཔལ་གྱི་ལམ་བུ།

ཁྱོད་ནི་མཛངས་བློན་ཐོག་མ་རུ་ལས་སྐྱེས་ཀྱི་བློ་བཀོད་ཀྱི་སྒྱུ་འཕྲུལ་སྟོན་ཞིང་པུར་རྒྱལ་བཙན་པོའི་གདུང་རྒྱུད་ལ་ཡོ་འཁྱོག་གི་སྐྱོན་གནད་བསྲང་སྟེ་བོད་རྒྱལ་དགུ་བ་པུར་དེ་གུང་རྒྱལ་མངའ་ཁྲི་རུ་གསོལ་བའི་མཛངས་ལམ་ཡིན། ཁྱོད་ནི་མཛངས་བློན་བཞི་བ་ཐོན་མི་སམ་བྷོ་ཊས་ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ་ཕྱིན་ནས་ལོ་བདུན་གྱི་དཀའ་སྤྱད་སྡུག་རུས་བྱས་རྗེས་བོད་ཡུལ་མཐའ་འཁོབ་ཀྱི་མུན་པ་སེལ་བའི་རིག་པའི་ཉི་མ་བསུ་བའི་ཤེས་རིག་གི་ལམ་ཆེན་ཡིན། ཁྱོད་ནི་སྲོང་བཙན་སྒམ་པོས་གཅིག་གྱུར་གྱི་དར་སྐུད་སྦྲེལ་ནས་དཔའ་མཛངས་ཀྱི་དར་ཆ་བསྒྲེངས་ཤིང་ཆོས་དཔལ་སྲིད་གསུམ་གྱི་འཁོར་ལོ་བསྐོར་བའི་གཟི་བྱིན་གྱི་ལམ་ཆེན་ཡིན།

ཁྱོད་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་སློབ་ཟུང་ལ་བརྟེན་ནས་ངུར་སྨྲིག་རྒྱལ་མཚན་འཆང་བའི་སྡེ་བའི་ཉི་གསར་འཁྲུངས་ཤིང་། དགོན་ལ་སྔ་བ་བསམ་ཡས་གཙུག་ལག་ཁང་བཞེངས་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་དེ་ཡིན། སྒྲ་བསྒྱུར་གྱི་གསེར་ཟམ་བཙུགས་ནས་ཤེས་རིག་ཡར་ཟླ་ལྟར་འཕེལ། མ་ཟད། རྟ་འདོ་བའི་རྨིག་པས་གླིང་བཞི་བརྒལ་ཏེ་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་བའི་བློ་གྲོས་ཀྱི་དཔའ་ལམ་ལགས།

གྱོང་གུད་ཀྱི་ནུབ་ལམ།

ཕྱི་དར་གྱི་ལམ་བུ།

ཁྱོད་ནི་རྒྱལ་པོ་འུ་དུམ་བཙན་པོས་ཆོས་ཡོན་གྱི་ཉི་མ་བསྣུབས་པའི་ཡིད་ཕམ་གྱི་སྐྱོ་ལམ་རིང་མོ་ཡིན། ཁྱོད་ནི་ལྷ་ལུང་དཔལ་རྡོར་གྱིས་གླང་དར་མ་བཀྲོངས་རྗེས་བྲོས་པའི་ལོ་རྒྱུས་ཀྱི་སྐྱ་ལམ་རིང་མོ་དེ་ཡིན། ཁྱོད་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཕྱི་མ་མི་ལྔ་མདོ་སྨད་དུ་མངགས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སྐུ་དྲུང་ནས་བསྟན་པའི་མེ་རོ་གསོ་བའི་ཉི་ཤར་གྱི་ལམ་བུ་ཡིན།

ལམ་དེ་ནི་པཎ་ཆེན་སྨྲི་ཏིའི“རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་བར།། དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།། གཟུགས་བརྙན་ཟླ་བ་འཛིན་པར་བྱིས་པའི་བློ”ཡི་ཡིད་སྐྱོ་བའི་མཚན་ལམ་རིང་མོ་ཡིན།

ལམ་ལགས། ཅི་འདྲའི་མཚར་བ་ལ་ཨང་། ཁྱོད་ནི་འདི་ལྟར་ལོ་རྒྱུས་ཀྱི་གར་སྟེགས་ཆེན་མོ། དུས་རབས་འགྱུར་ལྡོག་གི་མེ་ལོང་ཆེན་མོ། བདེན་དཔང་གི་གཏེར་རྫས་ཆེན་མོ་ཞིག་ཏུ་ཅིའི་ཕྱིར་གྲུབ་པ་ཡིན་ནམ།

སྐྱེས་ཆེན་གྱི་བཞུད་ལམ།

སློབ་གཉེར་གྱི་ལམ་བུ།

དེ་ནི་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རིག་པའི་མཚོ་མོར་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་གངས་ཅན་རིག་པའི་ཡན་ལག་ཆ་ཚང་དུ་བཏོད་པ། བསྟན་འགྲོ་སྤྱི་དང་། ལྷག་པར་བོད་སྤྱིའི་དོན་དུ་ཞལ་བཞེས་ནས་དབོན་པོ་འགྲོ་མགོན་འཕགས་པ་དགུང་གྲངས་བཅུ་དང་། ཕྱག་ན་རྡོ་རྗེ་དགུང་གྲངས་དྲུག་ལ་སོན་པ་དེ་གཉིས་ཁྲིད་ནས་ཧོར་རྒྱལ་པོ་གོར་དན་གྱིས་གདན་ཞུས་ལྟར་ལན་གྲུ་རུ་ཞབས་སོར་བཅགས་པའི་ལམ་ཡིན། འོ། དེ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཡུལ་མདོ་སྟོད་ནས་ཇོ་བོ་རྗེ་བྱོན་པའི་གཏམ་སྙན་ཐོས་རྗེས་ཞབས་ཀྱི་པད་མོ་དབུས་ཕྱོགས་སུ་བསྐྱོད་པའི་སློབ་གཉེར་གྱི་བརྩོན་ལམ་ཡིན། ལམ་དེ་ནི། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་བསྟན་འགྲོ་སྤྱི་དང་ལྷག་ཏུ་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་དོན་དུ་སློབ་གཉེར་ལ་ཕེབས་ནས་དྲིན་ཆེན་ཨ་མ་དྲན་པའི་ཡིད་ཀྱི་གདུང་ལམ་ཡིན།

ད་དུང་ལམ་དེ་བརྒྱུད་ནས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་གསོ་རིག་གི་བསྟན་བཅོས་ཆེན་མོ《དཔལ་རྒྱུད་བཞི》མི་ཡུལ་དུ་བལྟམས། ལམ་དེ་བརྒྱུད་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བརྒལ་བས་མི་ཐར་གྱི་ཆུ་ལ་སྟབས་བདེའི་ཟམ་ཆེན་བསྐྲུན་ཞིང་བོད་ཀྱི་ལྷ་མོའི་ཟློས་གར་ཡང་ཁོང་གི་བློ་ལས་འཁྲུངས། ལམ་དེ་བརྒྱུད་ནས་འཇམ་མགོན་རྒྱལ་བ་གཉིས་པའི་ཉམས་ལེན་གྱི་ལེགས་བསྡུས། སྒོམ་སྒྲུབ་ཀྱི་ཡང་བཅུད། བསླབ་བྱའི་གདམས་ངག་ཆེན་མོ་《ལམ་རིམ》དང《སྔགས་རིམ》ཟུང་མི་ཡུལ་དུ་རྗེ་ཉིད་ཀྱི་སྐུ་ཚབ་ཏུ་བལྟམས། མ་ཟད། ལམ་དེ་བརྒྱུད་ནས་དཔལ་དོན་གྲུབ་རྒྱལ་གྱི《ལང་ཚོ་རྦབ་ཆུ》ཡིས་གཞོན་ནུ་བགྲང་གིས་མི་ལོང་བའི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ་རུ་བཅུག

སྲིད་པའི་འཁོར་ལམ།

དད་པའི་ལམ་བུ།

ལམ་དེ་ནི་ལུས་ཀྱིས་ས་གཞི་གཞལ་བའི་དད་པའི་རྐྱང་ཕྱག་རིང་མོ་ཡིན། དེ་ནི་ཁ་ཆར་དང་བུ་ཡུག་ལ་འགྲན་པའི་ལམ་ཞིག་རེད། དེ་ནི་ལྷགས་རླུང་དང་ཉི་ཆར་ལ་སྒོམ་པའི་ལམ་ཞིག་རེད། ལམ་དེ་བརྒྱུད་ནས་སྟོད་ཉི་མའི་གྲོང་ནས་ཇོ་བོར་མཇལ་ཞིང་ཚེ་འདིའི་དགེ་སྦྱོར་ཕྱི་མར་བཅོལ་བའི་དད་པའི་སྨོན་ལམ་གྱི་ལམ་ཞིག་རེད།

དེ་ནི་སྨན་བུ་མོ་གནས་ལ་འགྲོ་བའི་གནས་ལམ་རེད། དེ་ནི་བདེ་སྐྱིད་དང་སྡུག་བསྔལ་གཉིས་འཛོམས་ཀྱི་ལམ་ཞིག་ཡིན། དེ་ནི་རང་དབང་དང་བཙན་དབང་ངོ་གཉིས་ཀྱི་ལམ་ཞིག་རེད།

ལམ་དེ་བརྒྱུད་ནས་སྦྲ་ནག་གྲུ་བཞི་ཕྱུགས་ཀྱིས་བསྐོར་ནས་ནང་ཐབ་རྩར་བྱིས་པས་གང་བའི་གནས་ཚང་ཞིག་གི་གྲུབ་ཚུལ་ཡོད།

ལམ་དེ་ནི་ན་ཆུང་ཚོ་སློབ་ལ་ཆས་པའི་ལམ་རེད། དེ་ནི་མངར་ཁ་གཉིས་ལྡན་གྱི་ལམ་ཞིག་ཡིན། དེ་ནི་ཤེས་རིག་དང་རེ་བས་ཁེངས་པའི་ལམ་ཞིག་རེད། ལམ་དེ་བརྒྱུད་ནས་འཇིག་རྟེན་གྱི་གསང་བ་རྟོགས་ཐུབ་ལ། སྐྱེས་ཆེན་གྱི་རྗེས་བསྙེགས་ནས་རླབས་ཆེན་གྱི་བྱ་གཞག་བསྐྲུན་ཐུབ། ལམ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོས་ཧོར་འཇང་མུན་བདུད་བརྟུལ་ཏེ་འཛམ་གླིང་བདེ་ལ་བཀོད་པའི་ལམ་རེད། ད་དུང་་་་་་་་་་་་་་་

ལམ་བུ་ལགས། ཁྱོད་ལ་འདི་འདྲའི་རྣམ་པ་སྣ་མང་སོང་། ཁྱོད་ནི་འདི་འདྲའི་རྙོག་འཛིང་ཛ་དྲག་གིས་ཁེངས་པ་ཞིག་རེད་འདུག

ཁྱོད་ནི་སུ་ཞིག་གིས་བཀོད་པ་ཡིན་ནམ། ཁྱོད་ནི་སུ་ཞིག་གི་མགོན་འདྲེན་ཡིན་ནམ། ཡང་ན་ཁྱོད་ནི་སུ་ཞིག་གི་བསླུ་བྲིད་ཡིན།

ཁྱོད་ནི་རླབས་ཆེན་གྱི་ཞབས་རྗེས་རེ་རེ་ཡིན་ལ། ཁྱོད་ནི་ངོ་གནོང་བའི་འགྱོད་གདུང་རེ་རེའང་ཡིན། ཁྱོད་ནི་རྔུལ་ཆུ་དང་མིག་ཆུའི་ཞིང་ས་ཡིན་ལ། ཁྱོད་ནི་གསར་གཏོད་དང་རེ་བའི་གཞི་མ་ཡིན། ཁྱོད་ནི་ཀུན་གྱི་རྟེན་ཡིན་ཞིང་ཁྱོད་ཀྱི་རྟེན་ཡང་ཀུན་ཡིན།

  • ལེ་ཚན་སྔོན་མ།:ཁྱོད་ཀྱི་ཆུང་མ། ང་ཡི་འཚོ་བ།
  • ལེ་ཚན་རྗེས་མ།:ཟླ་བ་སྒྲོལ་མ་ དྲན་པ།