​གྱ་སྟོན་ཚེ་རིང་ ལོ་བརྒྱ།

​གཞི་ཚང་ཟླ་བ་གྲགས་པ།        2020-11-09

མི་བྲེལ་ཕངས་ཀྱི་བྲེལ་འཚུབ་རྒོད་ཀྱང་།།

གནས་ས་གཙང་ནི་བསིལ་མོའི་ལྗོངས་ནས།།

དྲིན་ཡབ་ཡུམ་གྱི་བྱམས་བརྩེའི་འོད་ཀྱིས༎

རྟེན་དལ་འབྱོར་གྱི་ནོར་བུ་རྙེད་འདུག།

དབང་གོ་ཐོབ་ཀྱི་ནོམ་ཆེན་དཔོན་པོ།།

རྒྱུ་ལོངས་སྤྱོད་ཀྱི་བདག་ཉིད་མིན་ཡང་།།

དྲིན་ཕ་མ་ཡི་གཅེས་སྐྱོང་རག་པའི།།

ལས་བསོད་ཅན་འདི་ཕལ་བའི་བུ་ཆུང་།།

གཞོན་ན་ཆུང་གི་རྨི་ལམ་སད་རྗེས།།

དུས་ཡོ་ལང་གི་ཙག་སེར་ལྡང་སྐབས།།

ཕོ་ཡང་རབས་ཀྱི་བྱ་སྤྱོད་རྣལ་མས།།

ལས་དཀའ་སྡུག་གི་ལོ་ཟླ་བརྒལ་ཡོད།།

མཚན་མུན་ནག་གི་ལ་མོའི་རྒྱབ་ན།།

ཉིན་འོད་སྣང་གི་རྩྭ་ཐང་མཛེས་པ།།

ལོ་ན་རྒས་ཀྱི་འཚོ་བའི་ཀློང་ནས།།

སྐྱིད་ཉི་མ་གང་སེམས་སུ་ཤར་ཡོད།།

འཆི་བར་དོ་ཡི་ལམ་རྒྱགས་བསམས་ནས།།

ཡུལ་འདུ་འཛི་ཡི་གྲོང་དང་བཀྱེད་ནས།།

ཐུན་དགེ་སྦྱོར་གྱི་ཆུ་རྒྱུན་བར་ནས།།

གནས་དབེན་པ་འདི་སྐྱིད་ངོ་ཟིན་སོང་།།

བཟའ་ཚེ་རོགས་ཀྱིས་དམ་ལ་མ་བཏགས།།

གཉེན་རྩ་ལག་གིས་ཟུངས་ཁྲག་མ་གཞིབ།།

མགོན་མཚན་ལྡན་གྱི་བླ་མར་མཇལ་ནས།།

བོན་དགེ་སྒྲུབ་ཀྱིས་དུས་ཚོད་འདའ་བ།།

དུས་ཡུན་རིང་གི་རྒས་གཉེར་སྤུངས་ཀྱང་།།

ལུས་བདེ་ཐང་གི་སྒོ་གསུམ་བསམ་ཚེ།།

གཤེན་མཁས་གྲུབ་ཀྱིས་ཕྱི་རབས་གདམས་པའི།།

ཁམས་བདེ་ཐབས་ཀྱི་ལེགས་བཤད་དྲན་འོང་།།

སྐྱབས་མཆོག་གསུམ་ལ་ཡིད་ཆེས་ཟབ་ཅིང་།།

ལྷ་བླ་མ་ལ་དད་མོས་བརྟན་པ།།

ལས་དགེ་སྡིག་ལ་གཅེས་སྲུང་གནང་བས།།

གསོན་དལ་རྟེན་འདིར་དོན་སྙིང་ལྡན་ཡོད།།

དོན་བདེན་པ་ཡི་ཚངས་ཐིག་དེད་པས།།

ཚེ་འདི་གནོང་དང་ཕྱི་འགྱོད་མི་དགོས།།

ལོ་བརྒྱད་ཅུ་ཡི་སྐལ་བཟང་དུས་སྟོན།།

ཡིད་དགའ་སྤྲོ་ཡིས་རྟེན་འབྲེལ་ཞུ་འོ།།

ཞིང་འོལ་གླིང་གི་དྲོད་རླངས་འཁྱིལ་བའི༎

གནས་མཆོག་གྱུར་གྱི་ཤར་རྫའི་རི་ནས༎

ལས་དགེ་སྦྱོར་འདི་མཐའ་རུ་ཕྱིན་ཏེ།།

ལྷ་ཀུན་བཟང་གི་རང་ཞལ་མཇལ་ཤོག།

བཀའ་དམ་ཅན་གྱི་གཡུང་དྲུང་ལྷ་ཡིས།།

རྐྱེན་ཕྱི་ནང་གི་བར་ཆད་སེལ་ནས།།

ཚེ་ཕྱྭ་གཡང་གི་དམུ་ཐག་དཀར་པོ།།

ལས་བཀྲ་ཤིས་ཀྱིས་ལོ་བརྒྱར་སྲིང་ཤོག

  • ལེ་ཚན་སྔོན་མ།:ཀ་རྩོམ་ཡིད་བརྟན་མ།
  • ལེ་ཚན་རྗེས་མ།:​ཁ་བྲལ་ཚུལ།