​ཁ་བྲལ་ཚུལ།

གངས་ཟེགས།        2020-11-11

དུས་ཚོད་ཀྱི་ཨི་ཁུང་ལས་ལོ་ཟླ་མང་བོར་ཁྱོད་རང་བསྒུགས།

རྣམ་འགྱུར་དཀར་ནག་ཁྲ་གསུམ་ལས་ཁྱོད་རང་བསྒུགས།

རང་གི་ངོ་གདོང་མེ་ལ་བསྒྲོན་ཞིང་ཆུ་ལ་སྦངས།

འབར་ཞུན་རྐང་གཅིག་གི་འོག་ནས་ཁྱོད་རང་བཙལ།

སྐད་ཆ་མང་བོའི་རླུང་འཚུབ་ལས་ཁྱོད་རང་དེད།

རྨི་ལམ་གྱི་སྨུག་སྤྲིན་གསེབ་ནས་ཁྱོད་རང་རྙེད།

མི་ཞིག་གི་ཐོད་པའི་གཉེར་མ་ལོ་ཟླས་བརྩིས་དུས།

ལས་དབང་གི་གོམ་ཁ་དུས་ཚོད་ཀྱིས་ཐག་ཆོད་བྱས་དུས།

ངས་ཅི་ཡང་མི་སྨྲ་བར།

སུས་ཀྱང་མི་ཚོར་བར།

ང་རང་དལ་མོར་བུད་འགྲོ་ངེས་ཡིན།

བརྩེ་དུང་གི་དུར་ས་ན་ལུས་པའི་ཨམ་གཙིགས།

ཨུ་ཚུགས་ཀྱིས་བཙིར་བའི་སྐད་ཆའི་གྱང་རལ།

རྡོ་བའི་སྟེང་དུ་བྲིས་པའི་ཁྲག་གི་མེ་ཏོག

གནམ་སའི་མཚམས་ནས་འཐོར་བའི་འཕྲིན་ཡིག་ཐེད་པོ།

རེ་བ་ཟད་པོ་ཞིག་གིས་སྤུར་བའི་སྨྲེང་བའི་དབྱངས་རྟ།

བྱེ་ཐང་དུ་ཡལ་བའི་དམ་ཚིག་གི་རྐང་རྗེས།

ཚོར་བའི་སྲུབས་ཀ་ནས་འཆོར་བའི་རྨི་ལམ་གྱི་ཁུ་བ།

རྒྱ་ཡན་དུ་འཐོར་བའི་དུང་ཞེན་གྱི་རྟ་ཁྱུ།

འདས་གྲོངས་སུ་བྱིན་པའི་རྒན་རྒོན་གྱི་ལོ་ཟླ།

ལྷིང་འཇགས་ཀྱི་བར་ཐག་འདིས་གཙང་སེལ་བྱས་རྗེས།

ང་རང་དལ་མོར་བུད་འགྲོ་ལགས།

ཧུར་ཐག་གིས་སྙིང་ག་འཇུས་པའི་ལག་ཟུང་།

སེམས་པ་འབྱིལ་བའི་མུ་ཏིག་རློམ་པ།

དྲན་པ་བཞུར་བའི་མཚན་མོའི་གླིང་བུ།

གློ་སྙིང་སྦྲེལ་བའི་སྐྲ་ལོའི་ཉག་མ།

སྐོམ་གདུང་གིས་རེ་བའི་ཆུ་མིག

སེམས་ཀྱི་མགུལ་ལ་འཁྱུད་པའི་བྲང་གཞུང་།

མར་མེ་ཟད་པོའི་འོག་གི་མིག་ཟུང་།

ཟུག་གཟེར་ཡུན་ཅིག་གིས་བཟི་ནས་དྭངས་རྗེས།

ང་ཚོ་ངོ་མི་ཤེས་པའི་མགྲོན་པོ་ཞིག་ཏུ་གྱུར་ཚར།

  • ལེ་ཚན་སྔོན་མ།:​གྱ་སྟོན་ཚེ་རིང་ ལོ་བརྒྱ།
  • ལེ་ཚན་རྗེས་མ།:ཡིད་མ་ཕམ།