འབྲོག་སྨྱུག་གྲོལ། 2020-11-09
ཀ་ཕྲེང་སྙན་ངག་འབྲི་བའི་དུས་ནས་བཟུང་།།
ཁ་གཏམ་ཡིད་འོང་པད་མ་ཁྱེད་ལ་བརྗོད།།
ག་ས་གང་ནས་དོན་དག་མང་ན་ཡང་།།
ང་དང་ཁྱོད་ནི་ཟེར་བའི་ཉིན་ཞིག་དབེན།།
ཅ་ཅོལ་དོན་བྱ་འབེལ་བ་འཇིག་རྟེན་ལས།།
ཆ་ཚང་ཐམས་ཅད་གྲུབ་པའི་ཉིན་ཞིག་དཀའ།།
ཇ་ཆང་ཁམ་གང་འཐུང་བའི་དུས་ཡིན་ཡང་།།
ཉ་རྒྱས་ཟླ་བ་འདྲ་བའི་བརྩེ་དུང་དྲན།།
ཏ་ལེར་ཡིད་བཟང་སྒེག་མོའི་སེམས་རྒྱུད་དང་།།
ཐ་དད་མ་གནས་མཉམ་འཛོམས་བྱུང་བ་ནི།།
ད་ཐེངས་མི་ཚེ་འདི་ཡི་ལས་སྐལ་རེད།།
ན་ཆུང་ངེད་གཉིས་སྐྱིད་འདི་ཨེ་མ་རྨད།།
པ་ཏྲ་འདྲ་བའི་ཀྱག་ཀྱོག་ཆེ་ན་ཡང་།།
ཕ་མ་ལྷན་འཛོམས་ཡོང་ཉིན་ལོས་ཡོད་དེ།།
བ་མ་གཅིག་ནང་གཟན་ཆས་བསྐོལ་དུས་སུ།།
མ་འཛོམས་བུ་འཛོམས་ཁྱིམ་ཚང་མིན་ནམ་ཅི།།
ཙ་རེ་བསྐོར་འདྲའི་སྙན་གྲགས་མེད་ན་ཡང་།།
ཚ་གདུང་ཉི་མའི་འོག་གི་འཚོ་བ་འདི།།
ཛ་དྲག་མེ་རླུང་ཁྲོད་ནས་བསྐྱེལ་དགོས་པས།།
ཝ་ཏ་དར་གོས་མཉམ་གྱོན་བྱས་ནས་རོལ།།
ཞ་ཞ་བཀུར་བཀུར་ལེགས་འཛོམས་དགའ་མའི་གཤིས།།
ཟ་ཟས་མངར་ཁ་ལྡུད་མཁན་ལུས་ཕྲ་མ།།
འ་འུར་འདུ་འཛི་འདི་ནས་ཁྱོད་ཉིད་འཚོལ།།
ཡ་ཡོར་ཅུང་ཙམ་མེད་པ་ངེད་གཉིས་འདང་།།
ར་སྐོར་ལྷས་ར་གྲུ་གཞིའི་འདབས་རོལ་ནས།།
ལ་དང་ལུང་བ་གསུམ་མདོའི་དཀྱིལ་དབུས་ནས།།
ཤ་མར་འོ་ཞོ་འཐུང་ནས་འཛུམ་མདངས་བསྟན།།
ས་གཙང་འབྲོག་པའི་གནས་ནས་སྐྱིད་གླུ་བླངས།།
ཧ་ཅང་སྐྱིད་པའི་རང་ཡུལ་གནས་མཆོག་ནས།།
ཧ་ཅང་དགའ་སའི་སྒེག་ལྡན་བུ་མོར་འགྲོགས།།
ཨ་ཀྱོག་པ་ཀྱོག་ལམ་འདི་རིང་ན་ཡང་།།
ཨ་རོགས་མདའ་དང་མཉམ་དུ་ལམ་ལ་ཆས།།
རྩོམ་གསར། 10