འོད་ཟེར་དགུ་བ། 2020-11-09
ལོ་བརྒྱད་ཅུ་ལོན་པའི“ཨ་ཞང་ཉི་དགའ”ལ་བྲིས་པ།
འཇིག་རྟེན་ཧྲིལ་བོ་འདི།
ཁྱེད་ལ་མཚོན་ན་བགྲོད་ཟིན་པའི་ལམ་བུ་ཞིག་ཡིན་ངེས་ཏེ།
འཁོར་བ་ཟེར་བའི་བརྒྱུད་རིམ་འདི་ལ“ངོས་ཟིན”
ཐོབ་ཚར་ཡོད་སྲིད།
དེ་བས། འདི་དག་ཡོད་ཚད་ད་ནི་ལྷག་མ་ཙམ་ཞིག་ཏུ་མཐོང་འོང་ངམ།
མི་ལོ་བརྒྱད་ཅུའི་འཚོ་བ། ཡང་ན་ལོ་ངོ་བརྒྱད་ཅུའི་མི་ཚེ།
ཅི་འདྲའི་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་ཞིག་རེད་ཨང་།
ཅི་འདྲའི་དཀའ་སྡུག་དང་ན་ཟུག་གི་ལོ་ཟླ་ཞེ་སྨྲེང་བ་ཞིག་རེད་ཨང་།
དེ་ནི་ཁྱེད་རང་མེ་ཏོག་སེར་ཆེན་ལ་ཧ་ཅང་དགའ་བས་ཡིན་སྲིད།
དེ་ནི་ཁྱེད་ཀྱི་སྙིང་གི་རུས་པ་སྲ་བརྟན་འགྱུར་མེད་ཅིག་ཡིན་པས་ཡིན་ངེས།
བདག་ལ་མཚོན་ན་ཁྱེད་ནི་སྲིད་པ་རྒན་པོ་ཞེས་པ་དེ་ཡིན།
དུས་རབས་འདི་ལ་མཚོན་ནའང་ཁྱེད་ནི་ཡང་མེས་ཤིག་ཡིན།
ས་ཆེན་པོ་འདི་ལའང་ཁྱེད་ནི་མཛེས་སྡུག་མཚོན་བྱེད་ཅིག་ཡིན།
དེ་བས། འཇིག་རྟེན་འདི་ལ་ཆ་བཞག་ཀྱང་གཙིགས་སུ་ཆེ་བ་ཞིག་རེད་ཨང་།
འབྲི་མོའི་ཞོ་འོ་མར་ལ་ཞེ་ནས་དགའ་བས་ཡིན་ནམ།
ཕ་ཡུལ་གྱི་རི་ཆུ་ལ་རྒྱུས་མངའ་ཆེན་པོ་ཡོད་པས་ཡིན་ནམ།
འབྲོག་པའི་གཏམ་རྒྱུད་ཧ་ཅང་མང་བས་ཡིན་ནམ།
ཁྱེད་ནི་ངའི་འཚོ་བའི་ནང་གི་སེམས་རྩའི་དྲོད་ཁོལ་ཞིག་ཏུ་ཆགས་འདུག་པས།
ངས་ཁྱེད་ལ“ཨ་ཞང་ཉི་དགའ”ཞེས་ཡང་ཡང་བོས་སོང་བ་འདྲ།
སྔོན་ཆད་ཅིག་ལ་ངས་སྐད་ཆ་འདི་འདྲ་ཞིག་ཐོས་མྱོང་།
གནའ་མྱི་ཚོ་གཟུགས་རིང་བ། ལུས་སྟོབས་ཆེ་བ།
དེ་བཞིན་ཚེ་ཡང་ཧ་ཅང་རིང་པོ་ཐུབ་པ་རེད་ཟེར།
དེས་ན་ཁྱེད་ཉིད་ཀྱང“གནའ་མྱི”ཚོའི་གྲལ་ན་ཡོད་པས།
ཁྱེད་ཀྱི་ཚེ་ཐག་ཀྱང་ཧ་ཅང་རིང་དགོས་ཤིང་ཧ་ཅང་རིང་བར་སྨོན།
ཚེ་སྲོག་ནི་གནམ་འོག་གི་ཆེས་མཛེས་སྡུག་ལྡན་པ་དེ་མ་ཡིན་ནམ།
རྩོམ་གསར། 10