ལམ་གྱི་འཆར་སྣང་།

ཁམས་སྨྱུག་གསར།        2020-11-06

སྐྱིད་སྡུག་ལས་ཀྱིས་འཁུར་བའི་འཁོར་བའི་རི་དེར།།

འདོད་པའི་ཡུ་མོ་འདེད་པའི་སྣང་བ་ཟ་ཟིས།།

མཐའ་མེད་བྱེ་ཐང་ཉུལ་བའི་ངལ་བ་དེ་དག།

གཏན་གྱི་རེ་འདོད་འཚོལ་བའི་མདུན་པ་ལོས་ཡིན།།

ལ་ལུང་རི་ཆུའི་རྒྱང་ཐག་གོམ་པར་བཅལ་ཏེ།།

ཀུན་ཏུ་རྒྱུ་པའི་ངང་ཚུལ་རྒྱ་མཚོའི་རླབས་རིས།།

སྙན་ཚིག་དྲི་ཟའི་རོལ་དབྱངས་དཀྲོལ་བའི་ཤུགས་ཀྱིས།།

ཅི་དགར་ངག་རིག་རྩེད་འཇོའི་དཔལ་ལ་འདྲེན་ནོ།།

ཆར་བའི་ཟིལ་བ་འཁུར་བའི་འདབ་མའི་ལང་ཚོ།།

མི་རྟག་དུས་ཀྱི་མིག་ཟུང་ལྡེམ་ཙམ་བྱས་ཚེ།།

སྐྲ་དང་ཁ་དོག་འགྱུར་བའི་སྣང་ཚུལ་དེ་དག།

ཚིག་གི་ལོ་མར་སྤྲས་པའི་གཏམ་རྒྱུད་ཡིན་འདུག།

རྒྱང་ནས་དྲི་བསུང་ལྡང་བའི་རླུང་ལྷའི་ཕོ་ཉས།།

ལུས་དང་སྐྲ་ལོའི་ལན་བུ་བསྐྱོད་ཙམ་བྱས་ཚེ།།

རྩི་བཅུད་ལོ་འབྲས་དུད་པའི་དགའ་ཚལ་དེ་རུ།།

སེམས་ཀྱི་ཤིང་རྟ་དབང་མེད་ཕེབས་དགོས་བྱུང་སོང་།།

ལམ་དང་གཙང་བོའི་བརྒྱུད་ལམ་ཕྲ་མོ་རེ་རེར།།

ཀུན་རྟོག་ངང་བ་རྩེན་པའི་གཙང་བོའི་གཉེར་རིས།།

ཡིད་གྱི་དྲན་པ་འགུལ་བའི་ཚུལ་དུ་གནས་ཀྱང་།།

སྨྱུག་གུའི་གོམ་ཁ་བསྒྱུར་བའི་མདུན་པ་མི་འདུག།

  • ལེ་ཚན་སྔོན་མ།:འཁོར་བ་འདི་ཧ་ཅང་ཆེ།
  • ལེ་ཚན་རྗེས་མ།:ཉི་མར་དགའ་བའི་བགྲེས་སོང་།